༄༅། །ངག་དབང་ཁྲི་རལ་གྱི་ལོ་རྒྱུས་སྙིང་བསྡུས་སམ། མི་ཚེའི་བྱུང་བ་རགས་ཙམ་བརྗོད་ན་འདི་ལྟ་སྟེ།
ངག་དབང་ཁྲི་རལ། (ཚོགས་གཙོ།) ༄༅།།བོད་རྒྱལ་ལོ་ཉི་སྟོང་བརྒྱ་མེད་དགུ་བཅུ་གོ་ལྔ་(༢༠༩༥) རབ་རྒྱལ་(རབ་བྱུང་༡༦) ས་ཕོ་སྤྲེལ་ལོའི་སྨིན་ཟླའི་དབང་ཕྱོགས་རྫོགས་པ་གཉིས་པ་སྟེ་ཧོར་ཟླ་བཅུ་པའི་ཉེར་ལྔ་(༡༠།༢༥) ཕྱི་ལོ་ ༡༩༦༨ ཟླ་ ༡༢ ཚེས་ ༡༥ ཉིན། བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ངོས་ལེ་དབར་ ༦༠ ཙམ་གྱི་མཚམས་སུ་ཡོད་པའི་དབུར་སྟོད་མལ་གྲོ་གུང་དགར་རྫོང་མངའ་ཁོངས་ཀྱི་སྣོན་བརྒྱ་མ་ཞེས་པའི་ཁུལ་ན། སྔར་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་གྱིས་གསར་དུ་བཞེངས་པའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་གི་ཉེ་འགྲམ་ནུབ་རྒྱུད་སྟག་མཇུག་ཅེས་པའི་ཁྱིམ་དུ་སྐྱེད་བྱེད་མི་འགྱུར་ཚེ་རིང་དང་། སྐྱེད་མ་སྒྲོལ་མ་ཚེ་རིང་རྣམ་གཉིས་ལ་ཕྲུ་གུ་བུ་སྤུན་བདུན་བཙས་པའི་དྲུག་པ་རུ་སྐྱེས། རང་ལོ་བརྒྱད་ནས་བཅུ་གཉིས་བར་ས་གནས་དེ་གའི་གྲོང་ཚོའི་སློབ་གྲྭ་འགྲིམས་ཤིང་སློབ་ཞོར་གྱི་དབྱར་དགུན་སྟོན་དཔྱིད་ཁག་ལ། རང་གི་འཇོན་ཚོད་ལྟར་ནོར་ལུག་དང་བཅས་པའི་ཕྱུགས་རྫི་སོགས་ཁྱིམ་ལས་མི་ཉུང་བ་སྣ་ཚོགས་ཤིག་བྱས། རང་ལོ་བཅུ་བཞིར་སོན་སྐབས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སློབ་འབྲིང་དུ་བསྐྱོད་དེ་ཟླ་བ་བཞི་ཙམ་རྗེས་ལྷ་ས་གྲོང་ཁྱེར་གྱིས་སློབ་འབྲིང་སློབ་མ་བསྡུ་བའི་ཡིག་རྒྱུགས་འཕྲོད་ནས་ལྷ་ས་སློབ་འབྲིང་གཉིས་པར་ཚུད་ནས་ལོ་གཉིས་ཙམ་སོང་རྗེས་བའི་སུ་ངེད་རྫོང་ཁག་ནས་ཡོང་བའི་སློབ་མ་རྣམས་ལྷ་ས་སློབ་འགྲིང་གསུམ་པར་སློབ་བསྒྱུར་གྱིས་དམའ་འབྲིང་སློབ་གྲྭའི་འཛིན་རིམ་གསུམ་པ་མཐར་ཕྱིན་ཏེ་བོད་ལྗོངས་ཞིང་འབྲོག་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲར་ཚུད་ཡོད་པའི་སློབ་ཞུགས་ཀྱི་བརྡ་འཕྲིན་འབྱོར། རང་ལོ་བཅོ་བརྒྱད་དུ་སོན་སྐབས་ཏེ། ཕྱི་ལོ་ ༡༩༨༦ ལོའི་བོད་ཟླ་དགུ་པའི་ཉེར་གཉིས་ཏེ་རྒྱལ་བ་ལྷ་ལས་བབ་པའི་དུས་བཟང་ཉིན་དབུས་ཉི་མ་ལྷ་སའི་གདན་ས་གསུམ་གྱི་ཡ་གྱལ། དཔལ་ལྡན་འབྲས་དཀར་སྤུངས་པའི་དགོན་གྱི་ཡོངས་རྫོགས་བསྟན་པའི་མངའ་བདག ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ། དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་ངག་དབང་ཕུན་ཚོགས་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས། བར་མ་རབ་བྱུང་དང་བཅས་པའི་མཁན་པོ་མཛད་དེ་འདུས་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བར་མ་རབ་བྱུང་དང་བཅས་པའི་དགེ་ཚུལ་བསླབ་སྡོམ་གཙང་མའི་དངོས་པོ་ཡང་དག་པར་མནོས། མི་རིང་བར་འཇམ་མགོན་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གིས་དངོས་སུ་ཕྱག་བཏབ་གནང་བའི་དགེ་ལྡན་ལུགས་བཟང་གི་ཆུ་མགོ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་མ་དགོན་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བར་བརྩོན་པ་ཅུང་ཟད་བསྟེན་ཁུལ་ཙམ་བྱས་མཐར་ཕྱི་ལོ་ ༡༩༩༠ ཟླ་ ༩ ཚེས་ ༡ ནས་བཟུང་། ༸ཀུན་གཟིགས་པཎ་ཆེན་སྐུ་ཕ྄ེང་བཅུ་པ་ཆེན་པོ་རྗེ་བཙུན་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་ངོ་མས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཆེད་འཛུགས་གནང་བའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཞི་པ་རུ་དཀར་ནག་རྩིས་རིགས་གཙོ་བོར་བྱས་པའི་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་འགར་སྦྱངས་པ་ཅུང་མི་དམན་ཙམ་བགྱིས། མཐོ་སློབ་དེ་ནས་དཀར་ནག་རྩིས་རིག་ཆེད་སྦྱོང་དང་བཅས་པར་ཉེ་བའི་གཙུག་ལག་རབ་འབྱམས་(B.A)མཐར་ཕྱིན་མ་ཐག་མི་རིང་བར། འབྲོག་དགའ་ལྡན་རྣམ་པ་རྒྱལ་བའི་གླིང་ཆེན་པོར་དགེ་རྒན་གྱི་ལས་འཁུར་བླངས་ཏེ་གང་དགའ་ཅི་ལེགས་ཀྱི་སྒོ་ནས་སུམ་རྟགས་གཉིས་སློབ་ཁྲིད་བྱ་རྒྱུའི་འགན་གཙོ་བོར་བླངས་ཏེ་རང་རིགས་གཞོན་སྐྱེས་སེར་མོ་བ་བརྒྱ་ཕྲག་འགའ་ལ་བོད་ཀྱི་བརྡ་དག་གི་གཞུང་སོགས་རང་གི་གང་ཤེས་འཁྲིད་ནས་ཤུལ་འཛིན་པ་ཇི་སྙེད་ཅིག་སྐྱེད་སྲིང་ཞུས། སེར་མོ་བ་ཡི་མི་ཚེའི་བརྒྱུད་རིམ་དེ་དག་གི་རིང་ལ། ཞི་བའི་རྔམ་སྟོན་ཁྲོམ་སྐོར་སོགས་ཆབ་སྲིད་ཀྱི་ལས་འགུལ་མང་དག་ཅིག་ནང་མཉམ་ཞུགས་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་དོན་གཉེར་དང་གཉེར་བཞིན་པའི་སྐབས། བློ་བུར་དུ་རང་གི་སྤུན་མཆེད་དང་ཤག་ཚང་གི་སྐྱིད་སྡུག་ཅིག་པ་ཆབ་སྲིད་བཙོན་པ་དགའ་ལྡན་བཀྲ་ཤིས་སམ་ལྷུན་གྲུབ་སྐལ་ལྡན་མཆོག ལྷ་ས་གྲྭ་བཞི་བཙོན་ཁང་ངམ་བོད་རང་སྐྱོང་ལྗོངས་བཙོན་ཁང་ཨང་དང་པོ་ནས་ལྗོངས་མི་དམངས་སྨན་ཁང་དུ་མྱུར་སྐྱོབ་དོད་དྲག་སྨན་བཅོས་ཁང་དུ་བསྐྱལ་ཡོད་སྟབས། དུས་ཡུན་ཟླ་བ་བཞི་ལྷག་ཙམ་རིང་ཁོང་ལ་ནད་གཡོག་རྒྱུག་ཅིང་ཞོར་དུ་ནད་མནར་ཆེ་བའི་རྐྱེན་གྱིས་སྨན་ཁང་དུ་ལུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་བསོད་ནམས་དབང་འདུས་སམ་(ཤུགས་ལྡན་)མཆོག་ལའང་ལུས་སེམས་གཉིས་ཐད་ནས་མཐུན་རྐྱེན་རོགས་ཕན་གང་ལེགས་ཞུས། དེ་མིན་བཙོན་གྲོལ་ཐོབ་ཟིན་པའི་ཆབ་སྲིད་བཙོན་ཟུར་མི་ཉུང་བ་ཞིག་ལ་ལུས་སེམས་ཀྱི་འཚོ་བའི་མཐུན་རྐྱེན་སྦྱར། དེ་རྗེས་བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་ ༢༠༠༨ ལོར་རང་གཞུང་བཀའ་ཤག་ནས་རྒྱ་ནག་གི་སྐད་ཡིག་ཐོག་ཕྱི་དྲིལ་ཆོད་གན་ལས་བྱེད་གསར་བསྡུའི་གསལ་བསྒྲགས་བསྐྱངས་དོན་ལྟར། ཡིག་ངག་གཉིས་ཐོག་ནས་རྒྱུགས་སྤྲོད་ནང་ཞུགས་ཏེ་ཉམས་མྱོང་ཕུན་གསུམ་ཚོགས་པ་ཐོབ། སྔ་རྗེས་སུ་བཞུགས་སྒར་རྡ་རམ་ས་ལའི་རྭ་སྟོད་བླ་བྲང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ལོ་ཙྭ་བ་རིན་ཆེན་བཟང་པོའི་སློབ་གྲྭར་དགེ་རྒན་ལས་རོགས་སུ་རྒྱུགས་འཕྲོད་པ་ལྟར། ལོ་གཉིས་རིང་གན་འཇོག་གིས་ལས་འཁུར་འཐུས་གཙང་ཞུས། ཕྱི་ལོ་ ༢༠༡༤ ནང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཛ་དྲག་གི་དམིགས་བསལ་ཚོགས་ཆེན་སྐབས་སྐབས་དྲུག་པའི་རྒྱུན་ལས་སུ་འདེམས་ཐོན་བྱུང་ཏེ་ལས་དོན་མཇུག་སྐྱོང་འཐུས་གཙང་ཞུས། ཕྱི་ལོ་ ༢༠༡༦ ནས་ ༢༠༢༠ བར་དུས་ཡུན་ལོ་བཞིའི་རིང་བོད་ཀྱི་ཟློས་གར་ཚོགས་པའི་ནང་སྒྱུ་རྩལ་དཔྱད་ཞིབ་སྡེ་ཚན་དུ་འཁྲབ་གཞུང་དང་། གཞས་ཚིག་སོགས་རྩོམ་སྒྲིག དཔར་སྐྲུན། རིག་གནས་དགེ་རྒན་བཅས་ཀྱི་ལས་འགན་སྣེ་མང་འཐུས་སྒོ་ཚང་བར་ལེགས་སྒྲུབ་ཞུ་བཞིན་པའི་སྐབས་སུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན། ངེད་ཚོགས་པའི་ཚོགས་མི་མང་ཤོས་འདུ་གནས་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁོངས་ཀྱི་གྲོང་ཁྱེར་སིད་ནིར་ཚོགས་སྐབས། ཤེས་འཇོན་ཉམས་མྱོང་ཕུན་གསུམ་ཚོགས་པའི་སྐབས་བརྒྱད་པའི་ཕྱག་སྦྲེལ་རྒྱུན་ལས་རྣམ་པ་དང་ལྷན་དུ་འདེམས་ཐོན་བྱུང་བ་མ་ཟད། ཚོགས་བཅར་བ་བརྒྱ་ཆ་ ༧༧% གྱིས་མང་མོས་ཐོག ཚད་མཐོའི་གདེངས་འཇོག་དང་བཅས་ཏེ་སྐབས་བརྒྱད་པའི་སྤྱི་ཁྱབ་ཚོགས་གཙོར་འདེམས་ཐོན་བྱུང་བར་བརྟེན། ལོ་རྒྱུས་རང་བཞིན་ལྡན་པའི་ཀྱོག་མཚམས་འདིའི་ཚོགས་གཙོའི་ལས་འཁུར་དང་དུ་བླངས་ཏེ་ཚོགས་ཆེན་གྱི་གཏན་འབེབས་ཇི་བཞིན། ལས་འཆར་ཁག་གི་ཐོག་འདི་ག་ཚོགས་པའི་དམིགས་ཡུལ་དང་རྩ་དོན་གཞི་རྩར་བཟུང་སྟེ་རང་ཉིད་ཀྱི་འཇོན་ཚོད་ལྟར་ལུས་ངག་ཡིད་གསུམ་གྱི་ལེགས་སྐྱེས་ཕྲ་རགས་ཕུལ་དང་འབུལ་བཞིན་པའི་ལོ་རྒྱུས་སྙིང་བསྡུས་སུ། བོད་རྒྱལ་ལོ་ ༢༡༤༧ རབ་གནས་ཀུན་ལྡན་ཞེས་པ་འབྱུང་བ་ལྔ་ལྡན་གྱི་ལྕགས་ཕོ་བྱི་བ་ལོའི་དབང་ཕྱོགས་དགའ་བ་གསུམ་པ། ༸སྐུ་ཡི་བླ་གཟའ་ལྷག་དཀར་བཟང་བའི་ཉིན་མོ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༡ བཟང་པོར་ཕུལ།
ཟླ་བ་བཀྲ་ཤིས། (ཚོགས་གཞོན།)
ཕྱི་ལོ་ ༡༩༨༠ ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་དུ་སྐྱེས། བོད་ནང་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ཐེག་པ་རིམ་འཛེགས་ཀྱིས་ཆེད་བསྐྱོད་བྱས། ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་དང་། ཕྱི་ལོ་ ༢༠༠༧ ལོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བཞི་པའི་ཐོག་རྒྱུན་ལས་སུ་འོས་འདེམས་བྱུང་བ་དང་། དེ་རྗེས་ཚོགས་པའི་ཉམས་ཞིབ་པ་དང་། དྲུང་ཆེ། ཚོགས་གཞོན་བཅས་ཐེག་པ་རིམ་འཛེགས་བྱས་པ་བརྒྱུད། ད་ལྟའི་ཆར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སྐབས་བརྒྱད་པའི་ཚོགས་གཞོན་དང་བོད་རྒྱའི་ཉམས་ཞིབ་པ་གཅིག་ལྕོགས་ཀྱི་ལས་འགན་འཁུར་མུས་ཡིན་པ་བཅས་སོ།།
ངག་དབང་དགའ་ལྡན། དྲུང་ཆེ། རྒྱལ་ཐང་སྤྲུལ་སྐུ་ཀུན་མཁྱེད་བྱམས་ཆེན་ཆོས་རྗེ་ལགས་ནི་བོད་་ཤར་ཕྱོགས་རྒྱལ་ཐང་གཏེར་མ་རོག་དུ་སྐྱེས་།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་རྣམ་གཉིས་ཀྱིས་ངོས་འཛིན་མཛད་།བགྲང་བྱ་ལྔ་ནས་བཅུ་བཞིའི་བར་དུ་རྒྱ་ནག་གི་སློབ་གྲར་ཕྱིན་པ་དང་། རང་ལོ་བཅོ་ལྔ་ཟིན་མཚམས་སུ་རྒྱལ་ཐང་སུམ་རྩེན་གླིང་དུ་ཚོགས་ཞུགས་གནང་།དགུང་གྲངས་བཅུ་དྲུག་སྟེང་རྒྱ་གར་དུ་ཡོང་ནས་སེར་སྨོན་གྲྦ་ཚོང་དུ་ཚོགས་ཞུགས་གནང་། ལོ དེར ༧གོང་ས་མཆོག་གི་ཞབས་དྲུང་དུ་དགེ་སློང་བསྒྲུབས་ནས་སྔར་བཞིན་སེར་སྨན་གྲྦ་ཚོང་དུ་ཚོགས་ཆོས་སློབ་གཉེར་ལ་བརྩོན་པ་གནང། དགུང་གྲངས་ཉེར་གསུམ་སོན་སྐབས་རང་ཡུལ་དུ་ཕྱིན་ནས་གཞིས་དགོན་གཏེར་མ་རོང་དགོན་གསར་གྲྦ་ཚོང་དུ་ཆོས་ཞུགས་གནང་ནས་ཕ་ཚོན་ལ་མཐུན་ལམ་གང་ལེགས་བཟོས་། ཕྱི་ལོ་༢༠༠༠ལོར་རྒྱ་གཞུང་གིས་ཁོང་ཉིད་སྤྲུལ་སྐུ་ཡིན་་པ་ཁས་ལེན་བྱས་། ཕྱི་ལོ་༢༠༠༥ ལོར་པཎ་ཆེན་སྐུ་གོང་མ་མཆོག་གི་བཙུགས་གནང་བའི་ནང་བསྟན་མཐོ་རིམ་སློབ་གླིང་ནས་ཐོན་། ཕྱི་ལོ་ ༢༠༠༧ ལོར་མི་རིགས་སློབ་གྲྦ་ཆེན་མོ་ནས་ཐོན་པ་དང་ལོ་དེའི་ཕྱི་ཟླ་ ༡༡ པ ་དང་ ༡༢ ནང་རྒྱ་གཞུངགིས་རྒྱ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བའི་ནང་བོད་མི་ཚང་མར་༧གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་དང་།༧རྒྱལ་བ་རིན་པོ་ཆེར་དད་པ་དང་ཡིད་ཆེར་བྱ་མི་ཆོག་པ་བཅས་ཀྱི་སློབ་གསོ་སྤེལ་བའི་སྐབས་ངོ་རྒོརགྱི་ཡི་གེ་སྦྱར་བ་དང་། ཡི་གེའི་ནང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཀྱི་མི་དམངས་རྣམས་ལ་གསར་བསྒྲགས་བྱེད་རྒྱུར་བོད་ ནི་ སྔར་གྱི་ལོ་རྒྱུས་ནང་རངབཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་རེད་། བདེ་ཆེན་རང་སྐྱོང་ཁུལ་གྱི་མི་མང་རྣམས་དང་དགོན་སྡེ་ཁག་གི་སྤྲུལ་སྐུ་གྲྦ་པ་ཚང་མས་གཙོ་བོ་གུང་ཁྲན་ཏང་་དང་ ཧུའུ་ཅན་ཐོ་ལ་ཁ་གཏད་གཅོག་དགོས་། བདེ་ཆེན་བོད་རིགས་རང་སྐྱོར་ཁུལ་གྱི་མི་མང་རྣམས་དང་དགོན་སྡེ་ཁག་གི་སྤྲུལ་སྐུ་དང་གྲྦ་པ་ཚང་མས་༧རྒྱལ་བ་རིན་པོ་ཆེར་རྒྱབ་སྐྱོར་གནང་དགོས་པ་དང་། མ་འོངས་པར་བོད་རང་བཙན་གཙོང་མའི་རྒྱལ་ཁབ་ཅིག་ཡོང་བར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་མང་རྣམས་དང་དགོན་སྡེ་ཁག་གི་སྤྲུལ་སྐུ་གྲྦ་པ་ཚང་མས་སྨོན་ལམ་བརྒྱབ་རོགས་ཞེས་རྒྱ་ཡིག་ཐོག་བྲེས་པ་ཡིན་། དེར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་བཙོན་ཁང་དུ་ལོ་གཅིག་ཟླ་དྲུག་བཀག་ཉར་བྱས་། བཙོན་ཁང་ནས་གློད་གྲོལ་ཐོབ་། ཕྱི་ལོ་ ༢༠༠༩ ལོར་རྒྱ་ གར་དུ་སྤ་སེ་མེད་པར་བྲོས་བྱོལ་དུ་ཡོང་བ་ཡིན་། ཕྱི་ལོ ༢༠༡༣ ལོར་༧གོང་ས་མཆོག་གི་ཐུགས་བརྩིས་ཆེནཔོ་གནང་བའི་དབང་གིས་གུས་པོས་སེར་སྨན་ཐོས་བསམ་ནོར་གླིང་གྲྦ་ཚང་དུ་དགེ་བཤེས་གཏོང་སྒོ་དང་བླ་མའི་ཆོས་ཞུགས་སོགས་ཀྱི་བྱེད་སྒོ་མཐའ་དག་ལེགས་པར་གྲུབ་། ཕྱི་ལོ་ ༢༠༡༤ ལོར བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཛ་དྲག་ཚོགས་ཆེན་སྟེངའོས་ཐོབ་ལྟར་༢༠༡༦བར་དུ་ཕྱོགས་བཞུགས་རྒྱུན་ལས་ཀྱི་ལས་འགན་ཁུར་མུས་ཡིན་། ༢༠༡༦ ནས་བཟང་དྲུང་ཆེར་ལས་འགན་ཁུར་མུས་ཡིན་།