ཚོགས་པའི་ངོ་སྤྲོད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནི་ཕྱི་ལོ་ ༡༩༩༡ ཟླ་ ༩ ཚེས་ ༢༧ ཉིན་བཞུགས་སྒར་རྡ་རམ་ས་ལར་དངོས་སུ་དབུ་བརྙེས། ཕྱི་ལོ་ ༡༩༩༣ ཟླ་ ༨ ཚེས་ ༡༩ ཉིན་རང་གཞུང་ནས་ཁྲིམས་མཐུན་གྱི་ཚོགས་པར་ངོས་འཛིན་བྱས། ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༡༩ ཉིན་གནས་ཡུལ་རྒྱ་གར་གཞུང་ལ་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས། ཚོགས་པ་འདིར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཞེས་འདོགས་དགོས་དོན་ནི། བོད་ཞེས་པ་ནི་ཆོལ་གསུམ་བོད་རིགས་འདུས་སྡོད་ཀྱི་ས་གནས་སྤྱི་ཡོངས་ལ་གོ་དགོས་པ་དང་། དགུ་བཅུ་གསུམ་ཞེས་པའི་གྲངས་ནི། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་དང་། ཕྱི་ལོ་ ༡༩༨༧ ཟླ་ ༡༠ ཚེས་ ༡ ཉིན། ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༥ ཉིན་བཅས་ཁག་སོ་སོར་བོད་ཀྱི་རྒྱལ་ས་ལྷ་སར་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་གྱེར་ལངས་བྱས་པའི་ཟླ་དུས་མི་འདྲ་བ་གསུམ་གྱི་ལས་འགུལ་མཚོན་བྱེད་དུ་བཏགས་པ་ཞིག་རེད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དམིགས་ཡུལ་ནི། རྒྱ་ནག་གཞུང་གི་གཉའ་གནོན་སྲིད་བྱུས་རབས་དང་རིམ་པའི་སྡུག་རྩུབ་ཅན་གྱི་བྱ་སྤྱོད་ངན་པའི་དབང་གིས་རང་ཡུལ་བོད་དང་ཁ་བྲལ་ཏེ། བྱེས་སུ་བཙན་གྱིས་བྱོལ་ནས་ཡུལ་གྱར་བའི་ཆབ་སྲིད་བཙོན་ཟུར་དང་། ཆབ་སྲིད་འབྲེལ་ཆགས། དེ་བབཞིན་ཆབ་སྲིད་འབྲེལ་ཡོད་བཅས། ཚོགས་མིའི་གྲུབ་ཆ་ངོ་བོ་མི་འདྲ་བ་གསུམ་ཕྱོགས་གཅིག་ཏུ་སྒྲིལ་ནས་ལས་འགུལ་མཇུག་སྐྱོང་སླད། ཆེད་དུ་བཙུགས་པའི་གལ་འགངས་ཅན་གྱི་སྒྲིག་འཛུགས་ཤིག་མུ་མཐུད་དེ་གནས་ཐུབ་པ་བྱ་རྒྱུ་དང་། དེ་དག་ལ་བརྟེན་ནས་བོད་ནང་གི་ཡ་ང་བའི་དངོས་ཡོད་གནས་སྟངས་དེ་རྣམས་དང་བཅས་པ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དྲིལ་བསྒྲགས་མཐིལ་ཕྱིན་པ་བྱ་རྒྱུ་དང་། རྒྱ་གཞུང་གི་བཙོན་ཁང་ནང་ལོ་མང་དཀའ་སྡུག་དང་མནར་གཅོད་ཕོག་པའི་ལོ་རྒྱུས་རང་བཞིན་ཅན་གྱི་ཆབ་སྲིད་བཙོན་པའི་མི་ཚེའི་ཁྲོད་ཀྱི་གལ་ཆེའི་བྱུང་རབས་ལོ་རྒྱུས་རྣམས་དེབ་ཕྲེང་གི་གཟུགས་སུ་གླེགས་བམ་ཐོག་རིམ་པ་བཞིན་ཕྱོགས་བསྒྲིགས་ཀྱིས་རྩོམ་སྒྱུར་དང་དཔར་སྐྲུན་བྱ་རྒྱུ། བྱེས་འབྱོར་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་བཅས་རང་ཁོངས་ཚོགས་མི་རྣམས་ལ་བོད་ཡིག་དང་། ཨིན་ཇི། གློག་ཀླད་སོགས་ཤེས་བྱ་སློབ་སྦྱོང་བྱེད་པའི་ཁོར་ཡུག་དང་ཆ་རྐྱེན་གསར་སྐྲུན་གྱིས། ཚོགས་མིའི་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ། བོད་ནང་ཛ་དྲག་གི་གནས་ཚུལ་ནམ་ཐོན་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་ལྷན་དུ་ཟས་བཅད་ངོ་རྒོལ་དང་། མར་མེའི་ཁྲོམ་སྐོར། སྐད་འབོད་བྱ་རྒྱུ་སོགས་དེང་དུས་སྤྱི་ཚོགས་ཀྱི་ཆབ་སྲིད་དགོས་མཁོ་དང་མཐུན་པའི་ངང་རྣམ་པ་འདྲ་མིན་གྱི་ལས་འགུལ་སྣ་ཚོགས་སྤེལ་རྒྱུ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་རྒྱུས་མཚོན། ཤེས་ཡོན་གྱི་སློབ་གསོ་ལ་སོགས་པའི་ཐད་ཉམས་ཞིབ་གང་ལེགས་བྱས་ཏེ་རྒྱལ་སྤྱིའི་ཐོག་ནས་མི་ཉམས་རྒྱུན་འཛིན་ཆེད་དྲིལ་བསྒྲགས་བྱ་རྒྱུ་བཅས་སུ། ཕྱི་ལོ་ ༢༠༡༦ གི་ལོ་འགོར་སླེབས་སྐབས་ཚོགས་པ་འདིར་ཚོགས་མི་ ༦༠༠ ལྷག་ཙམ་ཡོད་པ་དང་། དེ་དག་རྒྱ་གར་དང་། བལ་ཡུལ། ཨ་རི། ཧྤ་རན་སི། ཨོ་སི་ཀྲོ་ལི་ཡ་སོགས་འཛམ་གླིང་ས་གནས་གང་སར་གནས་སྡོད་བྱས་ཡོད། དབུས་སྤྱི་ཁྱབ་ཡིག་ཚང་རྡ་རམ་ས་ལར་ཡོད། ད་ལྟ་རྒྱུན་ལས་ཁྱོན་བསྡོམས་མི་གྲངས་ ༡༥ ཡོད་པ་དང་། དབུས་རྒྱུན་མི་གྲངས་ ༧ དང་། ཕྱོགས་བཞུགས་རྒྱུན་ལས་ ༨ བཅས་ཡོད། དེའི་ཐོག་རྩིས་པ་ ༡ དང་། དབྱིན་དྲུང་ ༡ འཚེམ་ལས་དོ་དམ་པ་ ༡ བཅས་ལས་བྱེད་གསུམ་གདན་ཞུ་བྱས་ཡོད། ཚོགས་པས་ཆེད་བཙུགས་སློབ་གྲྭའི་ནང་ལོ་ལྟར་སློབ་ཕྲུག་ ༡༥ ནས་ ༢༠ ཙམ་གསར་བསྡུ་བྱེད་ཀྱི་ཡོད་པ་དང་། ལོ་གཅིག་གི་ཞལ་ལག་དང་སྡོད་གནས་བཅས་ཚོགས་པས་འགན་ལེན་བྱེད་ཀྱི་ཡོད་ཅིང་། ལོ་གཅིག་རིང་ཁོ་ཚོར་དབྱིན་ཇི་དང་། བོད་ཡིག གློག་ཀླད་བཅས་སློབ་སྦྱོང་སྤྲོད་མུས། ད་དུང་ཚོགས་པས་འཚེམས་ལས་ཁག་ཞིག་ཀྱང་གཉེར་སྐྱོང་བྱེད་བཞིན་ཡོད་པ་དང་། དེས་ཕྱོགས་གཅིག་ནས་ཚོགས་མི་དང་སྤྱི་ཚོགས་ཐོག་གི་ལས་ཀའི་ས་མིག་མེད་པའི་བོད་མི་གཞོན་སྐྱེས་མི་ཉུང་བ་ཞིག་ལ་ལས་གནས་མཁོ་སྤྲོད་ཐུབ་ཡོད་པ་མ་ཟད། ད་དུང་ཁོང་ཚོར་ལག་ཤེས་ཀྱི་སྦྱོང་བརྡར་སོགས་ཀྱང་སྤྲོད་མུས་ཡིན་ལ། འཚེམ་ཁང་གི་ལས་གཞི་དེས། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་དྲ་འཚེམ་གྱི་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་དང་གསར་གཏོད་རིག་བྱ་ཐུབ་པ་མ་ཟད། ངེད་ལས་འགུལ་ཚོགས་པའི་དཔལ་འབྱོར་མཐུན་རྐྱེན་དང་བཅས་པ་གོང་འཕེལ་ལའང་ཕན་ཐོགས་ངེས་ཅན་ཞིག་ཡོང་དང་ཡོང་མུས་ཡིན། དེ་ག་ནང་བཞིན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣༠ ནས་ཟླ་ ༡༢་ཚེས་ ༡ བར་སྐབས་བདུན་པའི་རྒྱལ་ཡོངས་ཚོགས་ཆེན་དེ་བཞིན། ཚོགས་མི་མང་ཤོས་གནས་ཡུལ་ཨོ་སི་ཊོ་ལི་ཡའམ་ཨོ་གླིང་རྒྱལ་ཁབ་ཀྱི་གྲོང་ཁྱེར་སིག་ནིའི་དུ་བསྐོངས་ཚོགས་ཞུས་ཏེ་ལོ་གསུམ་གྱི་ལས་བསྡོམས་སྙན་སྒྲོན་ཞུས་ཤིང་། ད་ཡོད་ཚོགས་མི་གྲངས་ ༦༣༠ ཙམ་ལ་ཉེ་བའི་ངོ་ཚབ་ཚོགས་བཅར་བ་རྣམས་ཀྱིས་མ་འོངས་ལས་དོན་བྱེད་འཆར་དང་བཅས་པའི་ལས་གཞིར་གྲོས་ཆོད་ཀྱང་བཞག་པ་དང་དུས་མཚུངས། ས་གནས་མི་འདྲ་བ་ཁག་ནས་སྐབས་བརྒྱད་པའི་རྒྱུན་ལས་ཉམས་མྱོང་ཅན་གྲངས་བཅོ་ལྔ་བདམས་ཏེ་བསྐོ་བཞག་བྱས་པ་བརྒྱུད། ད་ལྟའི་ཆར་རྒྱུན་ལས་གྲངས་བཅོ་ལྔ་དང་། གཏན་འཇགས་རྒྱུན་ལས་སམ་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་བཅས། གཏན་སྡོད་དབུས་རྒྱུན་གཙོ་གྲས་གསུམ་དང་། དངུལ་གཉེར། རྩིས་པ། ཨིན་དྲུང་། དཔལ་འབྱོར་དོ་དམ་པ་སོགས་ཡིག་ཚང་དུ་ལས་བྱེད་གྲངས་བཞི། དེ་བཞིན་འཚེམ་ཁང་དང་། ཐབ་ཚང་། ཡིག་སྐྱེལ་བཅས་སུ་ཁྱོན་བསྡོམས་ལས་མི་གྲངས་བརྒྱད་ཡོད་པ་དང་། འདས་པའི་ལོ་ཟླའི་ནང་ས་གནས་འཕགས་ཡུལ་རྒྱ་གར་བྱང་ཕྱོགས་ཀྱི་བཞུགས་སྒར་དྷརྨ་ཤཱ་ལ་གཙོ་བོར་བྱས་པའི་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁུལ་དང་། ཡུ་རོབ་ཀྱི་རྒྱལ་ཁབ་སུད་སིའི་རྒྱལ་ས་འཇི་ནི་ཝ། ཨོ་གླིང་གི་རྒྱལ་ས་དང་བཅས་པའི་གྲོང་འཁྱེར་ཁག་གཅིག་བཅས་ལ་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་འགྲེམ་སྟོན་ལས་འགུལ་སོགས་ཁ་ཡོད་ལག་ཡོད་མིག་མཐོང་ལག་ཟིན་གྱི་ལས་འགུལ་གལ་ཆེན་མི་ཉུང་བ་ཞིག་སྤེལ་དང་སྤེལ་འཆར་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིས་བསྡུས་སུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༣ རེས་གཟའ་པ་སངས་བྱ་བ་ཀུན་ཏུ་བཟང་བའི་ཉིན་འཕྲལ་མར་འབུལ་ལམ་ཞུས་པ་དགེའོ།།