བོད་རང་སྐྱོང་ལྗོངས་སུ་འགོ་ཁྲིད་བསྐོ་བཞག་བྱེད་ཕྱོགས་ཀྱི་རྩོད་རྙོགས་འགོ་ཚུགས་པ།

ཉེ་ལམ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་དང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་མང་པོ་ཞིག་ལ་འཕོ་འགྱུར་བཏང་ཡོད་པ་དང་། ད་ཐེངས་ཀྱི་འགོ་ཁྲིད་འཕོ་འགྱུར་གྱི་གནས་ཚུལ་ཧྲིལ་པོར་ཞིབ་འཇུག་བྱས་ཚེ་བོད་རང་སྐྱོང་ལྗོངས་སུ་འགོ་ཁྲིད་བསྐོ་བཞག་བྱེད་ཕྱོགས་ཀྱི་ཐད་རྩོད་རྙོགས་བྱུང་བ་དང་། དུས་ཡུན་རིང་པོར་གསོ་སྐྱོང་དང་སྦྱོང་བརྡར་སྤྲད་པའི་འགོ་ཁྲིད་ཁ་ཤས་ལ་དམར་ཤོག་ཚོགས་པས་ཞིབ་འཇུག་བྱས་ཏེ་སྟོང་མིན་ཙམ་གྱི་ལས་གནས་ཙམ་ལས་སྤྲད་མེད་པ་དང་། ཡང་འགའ་ཤས་ཐད་འཕུར་གནམ་གྲུར་བསྡད་པ་ལྟར་གློ་བུར་དུ་གོ་གནས་དང་དབང་ཆ་མཐོ་པོའི་ཐོག་སླེབས་སུ་བཅུག་ཡོད། དེ་ཡང་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་པ་དེ་ཟླ་ ༡༡ ཚེས་ ༢༧ ནས་ཚེས་ ༣༠ བར་སྐོང་འཚོགས་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བར་ཆ་མཚོན་ན་ཚོགས་འདུ་དེ་ནི་དབང་ཚད་མཐོ་ཤོས་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་། དུས་ཚོད་ཀྱི་ཐོག་ནས་བཤད་ན་ལོ་ལྔ་ཚན་རེ་རེའི་ནང་ཐེངས་རེ་སྐོང་འཚོགས་བྱེད་ཀྱི་ཡོད། ད་ཐེངས་ཀྱི་ཚོགས་འདུ་དེ་ནི་མ་འོངས་པར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གཞུང་གིས་སྲིད་ཇུས་ལག་ལེན་བྱེད་ཕྱོགས་ལ་ཕྱོགས་ཡོངས་ནས་འཆར་འགོད་བྱེད་པའི་ཚོགས་འདུ་ཞིག་ཆགས་ཡོད། ད་ཐེངས་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་ཀྱི་གྲུབ་ཆ་དང་འགོ་འཁྲིད་འཕོ་འགྱུར་གྱི་ཐད་འགྱུར་བ་ཧ་ཅང་ཆེན་པོ་བཏང་ཡོད་པ་སྟེ། སྐབས་གསར་པའི་དམར་ཤོག་ཚོགས་པའི་རྒྱུན་ལས་མི་གྲངས་ ༡༥ བསྐོ་བཞག་བྱས་ཡོད་པ་དང་། གྲངས་ཚད་ཀྱི་ཐོག་ནས་བལྟས་ན་སྔར་བཞིན་རྒྱ་རིགས་ ༩ སྟེ་རྒྱ་ཆ་ ༦༠ དང་བོད་རིགས་ ༦སྟེ་རྒྱ་ཆ་ ༤༠ ལས་མེད། ཆེས་མཐོའི་དམར་ཤོག་གི་དྲུང་ཆེ་སྔར་བཞིན་རྒྱ་རིགས་ཡིན་པ་བཅས་དབང་ཚད་དང་གྲངས་ཚད་གཉིས་ཀའི་ཐོག་ནས་རྒྱ་རིགས་ཀྱིས་ཁ་ལོ་བསྒྱུར་ཡོད་པ་གསལ་པོ་ཆགས་ཡོད། གནད་དོན་དེ་གཅིག་པུའི་ཐོག་ནས་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་དབང་ཆ་དང་ཐོབ་ཐང་ཇི་ཙམ་ཡོད་མེད་གསལ་པོ་མཚོན་ཐུབ། དེ་དང་ཆབས་ཅིག་སྐབས་བཅུ་པའི་རྒྱུན་ལས་ཀྱི་ཁྲོད་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་པདྨ་དབང་འདུས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་དམར་ཤོག་གི་དྲུང་གཞོན་གནས་རིམ་དུ་སླེབས་པའི་རེ་བ་དང་ཆ་རྐྱེན་ཚང་ཡོད་ཀྱང་དྲུང་གཞོན་དུ་སླེབས་མེད་པ་མ་ཟད། ཐ་ན་རྒྱུན་ལས་ཀྱི་གོ་གནས་ཡང་མེད་པ་བཟོས་ཡོད། མ་ཟད་འདི་འདི་ལོའི་ཟླ་ ༡ ཚེས་ ༡༨ ཉིན་ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་སྐོང་འཚོགས་བྱས་ཏེ་ལྷ་ས་གྲོང་ཁྱེར་དམར་ཤོག་ཚོགས་པའི་འགོ་ཁྲིད་ལེགས་བསྒྲིགས་བྱ་རྒྱུའི་གཏན་འབེབས་བྱས་པ་དང་ཚོགས་ཐོག་ཏུ་པདྨ་དབང་འདུས་ཀྱི་ལྷ་ས་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་མེད་པ་བཟོས་པ་དང་། བོད་དུ་བསླེབས་མ་ཐག་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་གཞི་ཡན་ཅི་ཧའེ་ཟེར་བ་དེར་བྱེད་དུ་བཅུག་ཡོད། དེ་ལྟར་ཡན་ཅིང་ཧའེ་བོད་དུ་སླེབས་མ་ཐག་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་དང་ལྷ་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་གཅིག་ལྕོགས་བཅས་མདའ་གཅིག་གིས་གླ་བ་གཉིས་བསད་ཐུབ་པ་བྱུང་ཡོད། གནད་དོན་འདི་རིགས་ལ་བལྟས་ན་ལྷ་ས་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། བོད་རང་སྐྱོང་ལྗོངས་མི་དམངངས་སྲིད་གཞུང་གི་ཀྲུའུ་ཞིའི་གོ་གནས་དེ་མི་གཅིག་གིས་གཅིག་ལྕོག་བྱེད་པ་དེ་ལོ་རྒྱུས་ཐོག་ཐོག་མ་དེ་ཡིན་སྲིད། དེ་ལྟར་པདྨ་མ་དབང་འདུས་ལྷ་ས་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་དང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་ཚོགས་པའི་རྒྱུན་ལས་ཀྱི་གོ་གནས་དང་དབང་ཆ་གཉིས་ཀ་མེད་པ་བཟོས་པ་དང་། དེའི་ཚབ་ལ་ཆབ་མདོ་དམར་ཤོག་ཚོགས་པའི་དྲུང་ཆེ་ཕུར་བུ་དོན་གྲུབ་རྒྱུན་ལས་སུ་བསྐོ་བཞག་བྱས་ཡོད། ད་དུང་ཀརྨ་ཚེ་བརྟན་དང་། ཟླ་བ་ཚེ་རིང། ཤའོ་ཡའུ་ཚའེ་བཅས་བོད་མི་བཞི་རྒྱུན་ལས་གསར་པར་བསྐོ་བཞག་བྱས་འདུག དེའི་ནང་ནས་ཀྱང་ཀརྨ་ཚེ་བརྟན་ནི་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་དྲུང་གཞོན་དང་ཐིང་ཀྲང་གི་གནས་བབ་ལས་མེད་ཀྱང་གློ་བུར་དུ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་སུ་བསྐོ་བཞག་བྱས་ཡོད་ལ། དེ་དང་ཆབས་ཅིག་ཟླ་བ་ཚེ་རིང་ཡང་བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གི་ཐིང་ཀྲང་གི་གནས་བབ་ལས་མེད་ཀྱང་བོད་རང་སྐྱོང་དམར་ཤོག་ཚོགས་པའི་རྒྱུན་ལས་སུ་བསྐོ་བཞག་གི་ཐག་གཅོད་བྱས་ཡོད། ད་དུང་གནད་དོན་གཞན་ཞིག་ནི་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཀྲང་ཞོལ་ཇེ་རྒྱུན་ལས་སུ་བསྐོ་བཞག་བྱས་ཡོད། སྤྱི་ལོ་ ༢༠༡༢ ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་དམག་དཔུང་གི་དབང་ཆ་ཁུ་བསྡུ་དང་གཅིག་བསྡུད་བྱས་ཏེ་གནས་བབ་ཆུང་དུ་བཏང་ཡོད་ཀྱང་། ད་ཐེངས་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་དེ་དམར་ཤོག་ཚོགས་པའི་རྒྱུན་ལས་སུ་བསྐོ་བཞག་བྱས་པ་དེ་ནི་གནས་ཚུལ་གསར་པ་ཞིག་རེད། གཅིག་བྱས་ན་དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་དབར་ལ་ས་མཚམས་ཀྱི་གནད་དོན་ཐད་དཀའ་རྙོགས་མང་པོ་ཡོང་བཞིན་པའི་གནས་སྟངས་ལ་གཞིགས་ནས་བོད་དམག་ཁུལ་ཁང་གི་གནས་བབ་དང་དབང་ཆ་དེ་མཐོ་རུ་བཏང་བ་ཞིག་ཡིན་སྲིད།

One thought on “བོད་རང་སྐྱོང་ལྗོངས་སུ་འགོ་ཁྲིད་བསྐོ་བཞག་བྱེད་ཕྱོགས་ཀྱི་རྩོད་རྙོགས་འགོ་ཚུགས་པ།

  1. Pingback: Dispute Arose Over the Leadership of TAR - GUCHUSUM