བོད་འཆི་གསོན་ཇི་ཡོང་གི་འགག་རྩའི་ཚོགས་འདུ་གཉིས།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༧ ཉིན་ནས་ཚེས་ ༢༡ བར་དུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་། ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་ཁག་གཉིས་དེ་སྐོང་འཚོགས་བྱས་ཡོད། བོད་ལ་ཆ་མཚོན་ན་ཚོགས་འདུ་དེ་གཉིས་ནི་མ་འོངས་འབྱུང་འགྱུར་གྱི་ལོ་ལྔ་ཚན་གཅིག་ནང་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་གང་འདྲ་ཞིག་ལག་ལེན་བྱ་རྒྱུ་ཡིན་པ་དང་། དེང་ནས་བཟུང་ཕྱི་ལོ་ ༢༠༣༥ བར་བོད་ལ་འཛིན་པའི་སྲིད་ཇུས་གཏན་འབེབས་ཀྱི་ཐག་གཅོད་ཧ་ཅང་ཆེན་པོ་བྱེད་པར་དབང་བའི་ཚོགས་འདུ་གཉིས་པོ་དེ་ཆགས་ཡོད་པ་རེད། དེར་བརྟེན། ཚོགས་འདུ་འདི་གཉིས་ཀྱི་ཡིག་འབྲུ་རེ་རེ་ནི་བོད་འཆི་གསོན་ཇི་ཡོང་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཚོགས་བཅར་བའི་སྐད་ཆ་ཚིག་འབྲུ་རེ་རེ་ནི་གཞིས་ལུས་བོད་མིའི་སྙིང་ལ་གཟན་པའི་གནད་དོན་གལ་ཆེ་ཤོས་ཤིག་ཆགས་ཡོད། ཡིན་ནའང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གོང་འོག་གང་སར་བོད་མིའི་ལས་དབང་དང་འབྲེལ་བ་ཡོད་པ་དང་། བོད་མི་རིགས་འཆི་གསོན་ལ་ཐུག་པའི་ཚོགས་འདུ་དེ་གཉིས་ལ་ཉམས་ཞིབ་དང་། དེ་དང་འབྲེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱེད་མཁན་གྱི་ཚོགས་སྒེར་གང་རུང་གི་མི་སྣ་ནི་ཤིན་ཏུ་ཉུང་ཉུང་ཡིན་པ་དེ་གདོན་མི་ཟ་བ་ཞིག་རེད་སྙམ། ཐེངས་འདིའི་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་ཆེ་དགྲ་ལྷས་འདས་ཟིན་པའི་ ཕྱི་ལོ་༢༠༢༠ ཡི་ལོ་ཧྲིལ་པོ་དེའི་ནང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་བསྡོམས་སྒྲོག་སྦྱང་བྱས་པ་དང་། དེ་རྗེས་མ་འོངས་པའི་ལོ་ལྔ་དང་། དེ་ལས་ཀྱང་རྒྱང་རིང་བའི་སྤྱི་ལོ་ ༢༠༣༥ ལོ་བར་གྱི་ལོ་ངོ་བཅོ་ལྔའི་རིང་བོད་འཛིན་སྲིད་ཇུས་ཀྱི་འཆར་གཞིའི་ཐོག་ཚོགས་ཆུང་ཁག་བགོས་ཀྱི་ཐོག་ནས་གྲོས་བསྡུར་བྱས་ཡོད་ཅིང། ཚོགས་ཆུང་རེ་རེའི་ཐོག་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཇེ་དང་། མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རིན་བློ་བཟང་རྒྱན་མཚན། མི་དམངངས་སྲིད་གཞུང་གི་ཀྲུའུ་གཞི་ཆེ་དགྲ་ལྷ་སོགས་མཉམ་བཞུགས་བྱས་ཏེ། མ་འོངས་ལོ་ལྔ་ཚན་གཅིག་དང་དེ་ལས་ཀྱང་རྒྱ་ཐག་རིང་བའི་སྤྱི་ལོ་ ༢༠༣༥ ལོ་བར་བོད་ཐོག་འཛིན་པའི་བྱེད་ཕྱོགས་དང་སྲིད་ཇུས། དམིགས་ཚད་དང་ལས་འགན་གང་འདྲ་ཡིན་པ་ཚོགས་བཅར་བ་ཚོར་འགྲེལ་བཤད་བྱས་ཡོད་པ་དང། ཚོགས་བཅར་བ་ཚོས་ཀྱང་ཆེས་མཐོའི་འགོ་འཁྲིད་ཚོས་བཤད་པའི་གཏམ་བཤད་ཀྱི་ཁ་ཕྱོགས་དང་དམིགས་ཚད་དེ་རང་གཞི་རྩར་བཟུང་ནས་སྐད་ཆ་བཤད་དགོས་ཀྱི་ཡོད། མ་ཟད་ད་ཐེངས་ཚོགས་འདུའི་གྲ་བསྒྲིགས་ཀྱི་ལས་དོན་གྲུབ་པའི་རྒྱུད་རིམ་གྱི་ནང་ཀྲུའུ་གཞི་ཚོགས་པ་ཞེས་པའི་ཚོགས་འདུའི་འགན་འཛིན་ལྷན་ཚོགས་ལྟ་བུ་ཞིག་ཡོད་པ་དེའི་མི་སྣའི་གྲངས་ཚད་དང་གྲུབ་ཆའི་ཐོག་ནས་བལྟས་ན། ད་ཐེངས་ཀྱི་ལྷན་ཚོགས་དེར་ཁྱོན་མི་གྲངས་ ༥༥ ཡོད་པ་དང། དེའི་ནང་རྒྱ་རིགས་ ༢༧ ཡོད་པ་དང་བོད་རིགས་ ༡༦ ལས་མེད་པས་ཕྱོགས་ག་ནས་བལྟས་ཀྱང་དེ་ནི་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ལྟ་བུའི་ཚོགས་འདུ་ཞིག་ཆགས་ཡོད་པ་དང། དེ་མིན་མི་རིགས་གཞན་དག་ ༥ བཅས་ཡོད་པས་མི་སྣའི་གྲུབ་ཆ་དེ་རང་གི་ཐོག་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་མིར་དབང་ཆ་ཇི་ཙམ་ཡོད་མེད་གསལ་པོ་མཚོན་ཐུབ་པ་ཡིན།ད་ཐེངས་ཀྱི་ཚོགས་འདུ་འདི་གཉིས་མ་འཚོག་གོང་གི་སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༡༢ ཚེས་ ༣༠ ཉིན་བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་གྱི་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝུའུ་དབྱིང་ཇེ་ཡིས་གཏམ་བཤད་ཀྱི་ནང་དོན་དེ་ད་ཐེངས་ཀྱི་ཚོགས་འདུ་དེ་གཉིས་ཀྱི་སྤྱི་ཁོག་དང་སྒྲོམ་གཞི་ལྟ་བུ་ཆགས་ཡོད་ཅིང། དེ་ཡང་ཝུའུ་དབྱིང་ཇེས་ནན་བཤད་བྱས་དོན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང། བྱ་སྤྱོད་ཐོག་གི་མགོ་སྐོར་རང་བཞིན། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པ་དང་བོད་རྒྱུད་ནང་བསྟན་ཆོས་ལུགས་དབར་ལ་དབྱེ་བ་འབྱེད་དགོས་པ་དང། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་དང་མ་རུངས་ཁོག་བཅུག་ལ་འཐེར་འདོན་འགག་རྒྱག་བྱེད་ཕོད་པ། བློ་བརྟན་འགྱུར་མེད་ངང་ཏཱ་ལའི་རུ་ཚོགས་དང་དབྱེ་འཚམས་གསལ་པོ་འབྱེད་ཕོད་པ། རང་རྟོགས་ངང་ཁོངས་གཏོགས་དགོན་སྡེའི་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོ་པ། <<བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་>>སོགས་བཅའ་ཁྲིམས་ཁྲིམས་སྲོལ་དག་ལག་ལེན་བྱས་ཏེ་འགག་རྩར་ཐུག་དུས་འགན་འཁུར་ཕོད་པ་དང། ཁ་བསྒྲགས་ཕོད་པ། རལ་གྲི་བཤམས་ཕོད་པ་བྱེད་དགོས་ལུགས་ནན་བཤད་བྱས་ཡོད། ད་དུང་ཝུའུ་དབྱིང་ཇེ་ཡིས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ཐོག་ནས་ནན་བཤད་བྱས་དོན། རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་ཡིག་གི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་སྐོར་ནན་བཤད་བྱས་ཡོད་པ་དང། དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ནི་བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་ནུས་པ་ཉམས་ཞན་དུ་གཏོང་རྒྱུ་དང་། སློབ་སྦྱོང་གི་འཁོར་ཡུག་ཆུང་དུ་གཏོང་རྒྱུ་དེ་རེད།