ཡིད་ཤིན་ཏུ་སྐྱོ་བའི་ངང་ཚོགས་མི་བགྲེས་སྲོང་བཀའ་རྙིང་བློ་བཟང་བདེ་སྐྱིད་མཆོག་སྐུ་ཚེ་མ་ཟིན་པར་མྱ་ངན་གུས་བཏུད་ཞུ།
༄༅།།བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་བགྲེས་སྲོང་བཀའ་རྙིང་བློ་བཟང་བདེ་སྐྱིད་མཆོག ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༦ ཉིན་རྒྱབ་ཕྱག་ཚོད་ ༥ ཙམ་ལ་བཞུགས་སྒར་རྡ་སའི་རང་ཁྱིམ་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་གུས་བཏུད་ཞུ་རྒྱུ་དང་། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ཤུལ་ལུས་བུ་ཕྲུག་དང་གཉེན་ཉེ་འཁོར་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན། ནམ་རྒྱུན་ཁོང་སྐུ་འཚོ་བཞུགས་སྐབས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་གསུམ་གྱིས་གཙོ་བོར་བྱས་པའི་རྒྱུན་ལས་ལས་བྱེད་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་ཞབས་ཞུ་དང་། རྒན་ཕོབས་ཀྱི་མཐུན་རྐྱེན་ཕུལ་ཐུབ་པ་བྱུང་ཡོད་ཅིང་། ཁོང་སྐུ་ཚེའི་འཕེན་པ་རྫོགས་སྐབས་སུའང་ཚོགས་གཙོ་ངག་དབང་ཁྲི་རལ་དང་ཚོགས་གཞོན་ཟླ་བ་བཀྲ་ཤིས་གཉིས་ཆེད་བཅར་གྱིས། དེ་ཉིན་གྱི་འདས་མཆོད་བགྱི་སྒོ་དང་བཅས་པ་རྣམས་ཀྱང་ལེགས་སྒྲུབ་འཐུས་གཙང་ཞུ་ཐུབ་པ་བྱུང་ཡོད། སྐུ་གཤེགས་དམ་པ་ཁོང་ཡབ་བློ་བཟང་བཟོད་པ་དང་ཡུམ་ཆུང་བདག་གཉིས་ཀྱི་སྲས་མོར་ཕྱི་ལོ་ ༡༩༤༩ ལོར་སྟོད་རྩ་ཧྲེང་ཞེས་པའི་ས་ཡི་ཆར་འཁྲུངས། ཡབ་ནི་དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྲིད་དབང་གི་ཁྱབ་ཁོངས་སུ་རྫོང་དཔོན་གྱི་གནས་རིམ་དང་གོ་གནས་བཞེས་མྱོང་ཡོད་པའི་གྲགས་ཅན་ཁྱིམ་རྒྱུད་ཀྱི་ཁོངས་སུ་ཡོད་ཅིང་། ཕྱི་ལོ་ ༡༩༥༩ ལོའི་ལྷ་བབས་དུས་ཆེན་ཉིན་གྱི་སྐབས་དེར། སྐུ་གཤེགས་དམ་པ་ཁོང་གི་ཡབ་ངམ་རིང་ཁུལ་དུ་ཞིབ་གཞུང་ཕྱག་ལས་གནང་བཞིན་པའི་བློ་བཟང་བཟོད་པས་གཙོས་ཁུལ་དེའི་མི་ཁྱིམ་སུམ་བརྒྱ་བདུན་ཅུ་དོན་བཞི་ནས་མི་རེ་འཛིན་བཟུང་བྱས་ཏེ་ཁྱིམ་གཞིས་ལ་དེ་ཉིན་སྒོ་ཐེལ་བརྒྱབ་ཡོད་པ་རེད། དུས་དེ་ནས་བཟུང་བློ་བཟང་བདེ་སྐྱིད་ཕ་བུ་གཉིས་ནས་མི་ལོ་ཉི་ཤུའི་རིང་རྒྱ་དམར་གྱི་མནར་གཅོད་འོག་དཀའ་སྡུག་ཚད་མེད་མྱོང་བ་སྟེ། ཡབ་བློ་བཟང་བཟོད་པའི་མིག་གཉིས་ལོང་བ་ཆགས་པ་སོགས་གོད་ཆག་རིམ་པ་བྱུང་ཡོད། དེ་རྗེས་ལོ་རབས་བརྒྱད་ཅུའི་ལོ་འགོར་བཙན་བྱོལ་དུ་འབྱོར་རྗེས་མུ་མཐུད་བདེན་དོན་འཐབ་རྩོད་ཀྱི་ལས་འགུལ་སྣ་ཚོགས་ནང་མཉམ་ཞུགས་གནང་བ་མ་ཟད་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་འཛུགས་སྐབས་ཀྱི་སྔ་རྗེས་སུ་ཡང་མཐུན་རྐྱེན་འཚོལ་སྒྲུབ་ཀྱི་རོགས་རམ་གང་ལེགས་གནང་སྟེ་ཚོགས་པའི་ལས་འགུལ་མང་པོར་ཞུགས་མོད། འོན་ཀྱང་རིང་ནས་སྙིང་དུ་བརྣག་པའི་རང་དབང་སླར་གསོའི་ཆེད་ཁོང་གི་ཐུགས་རེ་ཇི་བཞིན། འདས་པའི་མི་ལོ་དེ་དག་གི་རིང་གཞིས་བྱེས་མཉམ་འཛོམས་ཀྱི་རང་དབང་ལྡན་པའི་བདེ་སྐྱིད་འཚོ་བར་དངོས་སུ་ལོངས་སྤྱོད་གནང་རྒྱུ་མ་བྱུང་ཡང་། གང་མྱུར་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་སླར་ཡང་དལ་བརྒྱད་འབྱོར་བཅུའི་རྟེན་བཟང་ཐོབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། བོད་རྒྱལ་ལོ་ ༢༡༤༨ རབ་རྒྱན་འཕར་བ་ཞེས་པ་ལྕགས་མོ་གླང་གི་ཆོ་འཕྲུལ་་ཟླ་བའི་དབང་ཕྱོགས་རྒྱལ་བ་གཉིས་པ་དང་།
ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༦ ཉིན།