སྤྱི་ལོ ༢༠༢༢ ལོར་འཛམ་གླིང་དགུན་དུས་ཨོའོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་སྐོང་འཚོགས་བྱ་རྒྱུར་ངོ་རྒོལ།

སྤྱི་ལོ ༢༠༢༢ ལོར་འཛམ་གླིང་དགུན་དུས་ཨོའོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་སྐོང་འཚོགས་བྱ་རྒྱུར་ངོ་རྒོལ་གྱི་ཆེད་དེ་རིང་ཟླ་ ༢ ཚེས་ ༣ ཉིན་གྱི་སྔ་དྲོ་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པ་ཚོགས་ཁག་མཉམ་འབྲེལ་གྱིས་ལས་འགུལ་རིམ་པ་ཁག་གཉིས་ཙམ་སྤེལ་བ་དང་། ལས་འགུལ་གྱི་རིམ་པ་དང་པོར་སྔ་དྲོའི་ཕྱག་ཚོད་དགུ་པའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ཡིག་ཚང་ནས་ཚོགས་པ་ལྔ་མཉམ་འབྲེལ་ཐོག་ཐད་གཏོང་རྒྱང་བསྲིངས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བ་དང། དེ་ཡང་བོད་ཡིག་དང་། ཧིན་རྡི་། དབྱིིན་ཇི། རྒྱ་ཡིག་བཅས་སྐད་རིགས་བཞི་ཡི་ཐོག་སྤེལ་བ་དང། མཉམ་འབྲེལ་གསར་འགོད་གསར་བསྒྲགས་ཐོག་འདི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་རྒྱལ་ཐང་རིན་པོ་ཆེ་མཆོག་དང་། ལས་བྱེད་པདྨ་ཚེ་དབང་མཉམ་བཞུགས་གནང་བ་དང། དྲུང་ཆེ་རྒྱལ་ཐང་རིན་པོ་ཆེ་མཆོག་ནས་རྒྱ་ཡིག་གི་བསྒྲགས་གཏམ་སྒྲོག་སྦྱང་གནང་བ་དང། ལས་བྱེད་པདྨ་ཚེ་དབང་ནས་འདི་ག་ཚོགས་པའི་དྲ་ཐོག་ནས་ཐད་གཏོང་རྒྱང་བསྲིངས་ཀྱི་ལེ་ཚན་གཙོ་གཉེར་གནང་ཡོད། ཚོགས་གཙོ་ངག་དབང་ཁྲི་རལ་དང་ཚོགས་གཞོན་ཟླ་བཀྲིས། ལས་བྱེད་ཚེ་དབང་དབང་མོ་དང་ཕུན་ཚོགས་བཀྲིས་བཅས་ལས་འགུལ་རིམ་པ་གཉིས་པའི་གྲ་སྒྲིག་གི་ལས་ཀར་མཉམ་བཞུགས་གནང་བ་དང་། དེ་ཡང་མེ་གྷན་ཁྲོམ་གཞུང་གི་ལྟེ་སུ་གནས་རྒྱལ་སྤྱིའི་ཨའོ་རྩལ་འགྲན་ཚོགས་ཀྱི་གླིང་ལྔ་ཡུག་གཅིག་ཏུ་སྦྲེལ་བའི་སྒོར་དབྱིབས་ཅན་གྱི་མཚོན་རྟགས་བཟོས་ཡོད་པ་དང་། དེའི་ཐོག་རྒྱ་ནག་གི་བཙན་གནོན་དང་འཇིག་སྐུལ་འོག་གནས་པའི་བོད་དང་། ཤིང་ཅང་། ནང་སོག། ཐེ་ཝན་སོགས་མཚོན་བྱེད་སྒོར་དབྱིབས་རེ་རེའི་ཐོག་ཁྲག་གིས་ཚོས་པའི་མིའི་གཟུགས་དབྱིབས་རེ་བཀལ་ཡོད། དེ་རྗེས་ཞི་ཅིང་ཕིང་དང་རྒྱལ་སྤྱིའི་ཨའོ་རྩལ་འགྲན་ཚོགས་ཀྱི་ཚོགས་གཙོའི་ངོ་རིས་ཀྱི་འབག་གྱོན་པའི་མི་གཉིས་ལག་པ་གཏོང་རེས་བྱས་ཡོད་པ་དང། ཞི་ཅིང་ཕིང་གི་ལག་པ་དམར་པོ་དེས་བོད་དང་། ཤིང་ཅན། ནང་སོ་སོགས་ཀྱི་ནང་དྲག་གནོན་བཙན་ཤེད་ཀྱི་སྲིད་ཇུས་ལག་ལེན་བྱས་པའི་མཚོན་རྟགས་རེད། ད་ཐེངས་ཀྱི་ལས་འགུལ་ཐོག་བོད་པའི་གསར་འགོད་པ་ཙམ་མ་ཟད།གནས་ཡུལ་རྒྱ་གར་ས་གནས་ཀྱི་གསར་འགོད་པ་ཧ་ཅང་མང་པོ་ཆེད་བཅར་ཞུས་འདུག་པ་དང།ཕྱག་ཆོད་བཅུ་གཅིག་དང་ཕྱེད་ཀའི་ཐོག་ལས་འགུལ་མཇུག་བསྡོམས་ཞུས་ཡོད།