༄༅།།ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༩ སྟེ། ཁ་ཉིན་སྔ་དྲོའི་ཕྱག་ཚོད་བཅུ་གཅིག་ནས་བཅུ་གཉིས་དང་ཕྱེད་ཀ་ཙམ་ཞིག་གི་རིང་ལ། རྒྱ་གར་གཞུང་འཛིན་ཚོགས་པའི་ཚོགས་མི་ཉམས་ཞིབ་མཁས་དབང་ཨ་ཤེའི་ཤེ་བཱ་ཝའེ་མཆོག བོད་ཀྱི་གནད་དོན་དང་བཅས་པར་ཉམས་ཞིབ་གནང་ཆེད་དུ་བཞུགས་སྒར་རྡ་རམ་ས་ལར་ཕེབས་པའི་གོ་སྐབས་དང་བསྟུན་ནས་འདི་ག་ལས་འགུལ་ཚོགས་པར་གཟིགས་སྐོར་དང་། ལྷག་པར་དུ་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་ལ་རྒྱུས་ལོན་ཇེ་ཟབ་གནང་བཞིན་པ་ལྟར། འདི་ག་ཚོགས་པའི་ཚོགས་གཙོ་ངག་དབང་ཁྲི་རལ་དང་ཚོགས་གཞོན་ཟླ་བ་བཀྲིས་རྣམ་གཉིས་ལ་ཐུག་འཕྲད་གནང་བ་དང་། ཐོག་མར་ཚོགས་གཙོ་ངག་དབང་ཁྲི་རལ་མཆོག་ནས་འདི་ག་ཚོགས་པའི་གནས་སྟངས་ལ་སོགས་ངོ་སྤྲོད་གནང་བར་གསན་གྲུབ་རྗེས། ཁོང་གིས་ཚོགས་གཙོ་དང་། ཚོགས་གཞོན་རྣམ་གཉིས་ཀྱི་མི་ཚེའི་ནང་ཆབ་སྲིད་ཀྱི་དཀའ་ངལ་སོགས་ཇི་ཙམ་བྱུང་མིན་གྱི་མྱོང་ཚོར་ཐད་ཐུག་སྣང་ཆེན་པོས་གསན་གནང་བ་ལྟར་ངོ་སྤྲོད་ཞིབ་རྒྱས་གྲུབ་པ་དང་། དེ་རྗེས་བོད་ཀྱི་ས་གནས་འདྲ་མིན་དུ་ཡོད་པའི་རྒྱ་ནག་གཞུང་གི་བཙོན་ཁང་ནང་མི་ལོ་ཉི་ཤུ་ལྷག་ཙམ་རིང་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་མྱངས་མྱོང་བའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཟུར་དང་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔའ་བོ་བློ་བཟང་བསྟན་འཛིན་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་བཅས་པའི་དེབ་ཕྲེང་དབྱིན་ཡིག་ཐོག་ཏུ་ཕབ་བསྒྲུར་ཞུས་ཡོད་པ་དེ། གཞུང་འཛིན་ཚོགས་པའི་ཉམས་ཞིབ་པ་མཆོག་ཁོང་ཉིད་ལ་སྤྱན་འབུལ་ངོ་སྤྲོད་ཞུས་གནང་བ་རེད།