༄༅།།ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༤ ཉིན་་གནས་ཚུལ་ཐོན་གསལ་ལྟར་ན། བོད་ཀྱི་ཁམས་ཤག་རོང་པོའི་གེ་སོ་སྲ་བྷ་གྲོང་གི་གྲོང་མི་ནོར་བཟང་ལགས་རྒྱ་ནག་གཞུང་གིས་མནར་གཅོད་འོག་རྐྱེན་འདས་སུ་ཕྱིན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་འདི་ག་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་གུས་བཏུད་ཞུ་རྒྱུ་དང་། གངས་ཅན་ཞིང་གི་ལྷ་སྐལ་སྐྱབས་མཆོག་༸རྒྱལ་དབང་གྲུ་འཛིན་མགོན་པོ་ངུར་སྨྲིག་གར་གྱི་རྣམ་རོལ་གང་གི་ཐུགས་རྗེའི་ལྕགས་ཀྱིས་མྱུར་བ་ཉིད་དུ་སྐྱོང་བར་མཛད་དུ་གསོལ། ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་སོ།།
དམ་པ་ཁོང་ནི་དེ་སྔ་ཕྱི་ལོ་ ༢༠༡༩ ཟླ་ ༩ བའི་ནང་དུ་རྒྱ་ནག་གཞུང་གི་མི་ལོ་བདུན་བཅུ་འཁོར་བའི་རྒྱལ་སྟོན་དུས་ཆེན་ཟེར་བ་ཚོགས་ལ་ཉེ་བའི་སྐབས་སུ། ཤག་རོང་པོ་ཁུལ་གེ་སོ་སྲ་བྷ་གྲོང་ནས་ཡིན་པ་ནོར་བཟང་ལགས་དང་གེ་སོ་ཚ་ལྷིས་གྲོང་ནས་ཡིན་པའི་མི་སྣ་འགའ་བཅས་སྟར་ཆེན་ཤང་དུ་སློབ་གསོའི་འཛིན་གྲར་འགྲོ་དགོས་ཚུལ་བཤད་དེ་རྒྱ་ནག་དམར་གཞུང་གི་ཆེད་མངགས་མི་སྣས་བཙན་ཁྲིད་བྱས་ཡོད་འདུག
རྗེས་སུ་གཞན་དག་ཚོ་རིམ་བཞིན་གློད་དཀྲོལ་བཏང་ཡོད་ནའང་ནོར་བཟང་ལགས་གཏང་མེད་པ་རེད་འདུག ཤག་རོང་པོ་ཁུལ་དུ་དྲྭ་རྒྱའི་དམ་བསྒྲགས་ཧ་ཅང་ཆེ་བས་ལོ་གཉིས་མ་ཟིན་ཙམ་ལ་ནོར་བཟང་ལགས་ཀྱི་གནས་ཚུལ་གོ་ཐོས་མེད་པར་དེ་མུར་ལྷག་ཡོད་ནའང་ད་ལྟའི་ཆར་གནས་ཚུལ་ཤེས་གསལ་ལྟར་ན་ནོར་བཟང་ལགས་ཉིས་སྟོང་བཅུ་དགུའི་ལོར་ཆབ་སྲིད་ཀྱིས་ཉེས་མིང་འོག་བཙན་ཁྲིད་བྱས་སྐབས་སྟར་ཆེན་ཤང་དུ་རྒྱ་དམར་གྱི་སྲིད་གཞུང་མི་སྣས་ཚད་ལས་འདས་པའི་རྡུང་རྡེག་མནར་གཅོད་འོག་རྐྱེན་ལམ་དུ་གཏང་འདུག
འོན་ཀྱང་སྐབས་དེའི་དུས་སྲིད་གཞུང་མི་སྣས་བརྗོད་གསལ་ལ་ནོར་བཟང་ནི་བུ་ལོན་ཆེན་པོ་ཡོད་པར་བརྟེན་བུན་ལོན་གྱི་རྐྱེན་པས་ཁོ་རང་ཤག་ཆུའི་ཟམ་པའི་སྒང་ནས་མཆོངས་ཏེ་འདས་གྲོངས་སུ་སོང་བ་ཡིན་ཚུལ་བསྒྲགས་འདུག
དོན་དངོས་ནོར་བཟང་ལགས་ནི་བུ་ལོན་སྣ་གཅིག་མེད་པར་མ་ཟད་རང་གི་འཚོ་བའི་མཐུན་རྐྱེན་ཕྱིའི་དངོས་པོ་སོགས་གང་ཅིའི་ཐོག་ཡག་པོ་ཡིན་པར་འགྲེལ་བརྗོད་བྱེད་མཁན་འདུག
དོན་དངོས་རྒྱ་གཞུང་མི་སྣས་རྡུང་རྡེག་ཚད་ལས་འདས་པ་གཏང་ནས་ཁ་ཐུག་དམར་གསད་གཏང་རྗེས་མི་མང་ལ་མགོ་སྐོར་གཏོང་ཐབས་ཀྱིས་རང་ཤི་རྒྱབ་ཚུལ་བརྗོད་པ་དང་། ཡང་ན་སྲིད་གཞུང་མི་སྣས་བཙན་དབང་གི་མནར་གཅོད་ཚད་ལས་འདས་པར་གཏང་མཐར་ངོ་རྒོལ་གྱིས་ཤག་ཆུར་འཆོངས་ནས་སྐུ་སྲོག་བཏང་བ་ཡིན་པའི་གནད་དོན་དེ་གཉིས་གང་རུང་ཞིག་གཏན་ཁེལ་རེད་འདུག
ཡིན་ནའང་ཁུལ་དེར་ཧ་ཅང་གི་དམ་དྲག་ཆེ་བ་དང་ལྷག་པར་དུ་ནོར་བཟང་ལགས་རྐྱེན་འདས་སྐབས་ཡུལ་མི་ཚོའི་དྲྭ་རྒྱ་བཀག་སྡོམ་བྱས་པར་རྟེན་གནས་ཚུལ་དེ་གཉིས་ག་རེ་ཡིན་པ་གསལ་པོར་ཤེས་ཐུབ་ཀྱི་མེད་པ་རེད་འདུག
དེའི་དུས་སུ་ཉེན་རྟོག་པའི་རླངས་འཁོར་ལྔ་དྲུག་ཙམ་ནོར་བཟང་ཡོད་སའི་སྲ་བྷ་གྲོང་ཚོར་སླེབས་ནས་ནོར་བཟང་གི་ཁྱིམ་དུ་ཉིན་གྲངས་མང་པོར་བསྔོག་བཤེར་དང་ཁོང་གི་བཟའ་ཟླ་ལ་ཡང་སུན་གཙེར་ཡང་ཡང་བཟོས་ཡོད་འདུག
སྐབས་དེར་བཟའ་ཟླའི་ཁོག་ཏུ་ཕྲུ་གུ་ཡོད་པ་དང་ནོར་བཟང་ལགས་རྐྱེན་འདས་སུ་སོང་བར་བརྟེན། ཚད་ལས་འདས་པའི་སྡུག་བསྔལ་གྱིས་སྨྱོན་པ་ཆགས་ལ་ཉེ་བའི་སྐད་ཆ་ཡང་འདུག་པའི་མ་ཚད་ད་ལྟའི་ཆར་ཡང་ནོར་བཟང་གི་བཟའ་ཟླ་དང་ཤུལ་ལུས་ཀྱི་བྱིས་པ་ཚོའི་སྐོར་ལ་ཡང་ཧ་ཅང་ཡ་ང་བའི་གནས་སྟངས་སུ་གྱུར་ཡོད་པའི་གནས་ཚུལ་འདུག
ནོར་བཟང་ལགས་ནི་རྒྱུན་དུ་སྲིད་གཞུང་གི་ཆེད་མངགས་མི་སྣས་ཆབ་སྲིད་དྲིལ་བསྒྲགས་དང་བོད་མི་རྣམས་ལ་བདེ་སྐྱིད་དང་རང་དབང་ཡོད་ཚུལ་ཀྱི་འཁྲབ་སྟོན་དང་དེ་བཞིན་དུ་བོད་མི་སོ་སོའི་སྡོད་ཁྱིམ་དུ་རྒྱ་ནག་དམར་པོའི་སྲིད་གཞུང་གི་མགོ་ཁྲིད་ལྔའི་པར་སྒྲིག་བཤོམ་བྱེད་དུ་འཇུག་པ་དང་དེ་ཡང་མཐོ་སར་སྒྲིག་དགོས་པའི་བཙན་དབང་དང་དར་དམར་སྒྲེངས་འཛུགས་བྱེད་དུ་འཇུག་པ་རྣམས་ལ་དང་ལེན་བྱེད་ཀྱི་མེད་པ་དང་། བོད་མི་རིགས་ཀྱི་ལ་རྒྱ་དང་གོང་ས༧རྒྱལ་བ་རིན་པོ་ཆེ་ལ་དད་འདུན་འགྱུར་བ་མེད་པ་མངོན་གསལ་དོད་པོའི་ལྟ་བ་དང་ལང་ཕྱོགས་འཛིན་ཕོད་པའི་མི་སྣ་ཞིག་རེད་འདུག ཁོང་གི་ཨ་ཕའི་མིང་ལ་བསོད་ནམས་དབྱངས་དགའ་དང་། ཨ་མའི་མིང་ལ་གངས་ཆུང་ཟེར་གྱི་ཡོད་འདུག གཞན་ཡང་ནོར་བཟང་ལགས་ནི་བྱིས་པ་དྲུག་གི་ཨ་ཕ་དང་དགུང་ལོ་སུམ་བཅུ་སོ་ལྔ་ཙམ་རེད་འདུག
གཞན་ཡང་ཤག་རོང་པོའི་ཁུལ་དུ་རྒྱ་གཞུང་མི་སྣས་ཕྱི་རྒྱལ་ལ་འབྲེལ་བ་ཡོད་མེད་ཐོག་ཏུ་དམིགས་བསལ་ཡུལ་མི་རྣམས་ལ་ཞིབ་བཤེར་གྱིས་དྲི་རྩད་གཏོང་བ་དང་། དོགས་ཡོད་བྱུང་ཚེ་ཁ་པར་དང་སྡོད་ཁྱིམ་སོགས་སུ་སྔོག་གཤེར་བྱས་ཏེ་སུན་གཙེར་སྣ་ཚོགས་བཟོ་བཞིན་ཡོད་པ་དང་།
སྲིད་གཞུང་མི་སྣས་བརྗོད་དོན་ལ་ཁོང་ཚོ་ནི་ཁ་བྲལ་བ་ཡིན་པས་འབྲེལ་བ་ཡོད་ན་མཇུག་འབྲས་ངན་པ་ཡོང་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་ཡང་བྱེད་བཞིན་ཡོད་པའི་ཛ་དྲག་གི་གནས་ཚུལ་ཇེ་སྡུག་ཐོན་དང་ཐོན་བཞིན་པ་རེད་འདུག་པ་བཅས་སོ།།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེས་བུ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །མདོན་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་། །ཡོངངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི། །འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་མཛོད། །སྣང་སྟོང་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་དང་། །མཆོག་གསུམ་ཐུགས་རྗེའི་མཐུ་དང་བདེན་ཚིག་སྟོབས། །ལས་འབྲས་བསླུ་མེད་བདེན་མཐུས་བདག་ཅག་གི །བདེན་པའི་སྨོན་ལམ་གེགས་མེད་མྱུར་འགྲུབ་ཤོག །ཨོཾ་མ་ཎི་པདྨེ་ཧྭཱུུཾཿ ཨོཾ་མ་ཎི་པདྨེ་ཧྭཱུུཾཿ ཨོཾ་མ་ཎི་པདྨེ་ཧྭཱུུཾཿ ཨོཾ་མ་ཎི་པདྨེ་ཧྭཱུུཾཿ ཨོཾ་མ་ཎི་པདྨེ་ཧྭཱུུཾཿ