དེ་སྔ་མའོ་ཙེ་ཏུང་གིས་ཨ་རི་བཙན་རྒྱལ་རིང་ལུགས་ནི་ཤོག་བུའི་སྟག་ཡིན་པ་ལས་སྟག་ངོ་མ་ཞིག་གཏན་ནས་མ་རེད། ཕྱི་ཚུལ་ནས་བལྟས་ན་མི་རྣམས་སྐྲག་སྣང་སྐྱེ་དགོས་པ་ཞིག་ཡོད་ཀྱང་དོན་དངོས་ཐོག་སྐྲག་སྣང་སྐྱེ་དགོས་དོན་ཅི་ཡང་མེད། དེ་ནི་ཤོག་བུས་བཟོས་པའི་སྟག་རེད་ཅེས་བརྗོད་ཡོད། ཡིན་ནའང། སྤྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༠ ཉིན་ཡོ་རོབ་གྲོས་ཚོགས་ཀྱིས་ཡོ་རོབ་དང་རྒྱ་ནག་གི་་དབར་ལ་བཞག་པའི་ཚོང་དོན་མ་འཇོག་གི་གན་རྒྱ་ཡོངས་སུ་རྩིས་མེད་གཏོང་རྒྱུར་གྲོས་འཆམ་བྱས་པ་དང་། ད་ཐེངས་ཀྱི་ཡོ་རོབ་གྲོས་ཚོགས་ཐོག་གྲོས་མཐུན་དེ་རྩིས་མེད་གཏོང་རྒྱུར་མོས་མཐུན་དང་རྒྱབ་སྐྱོར་བྱེད་མཁན་མི་གྲངས་ ༥༩༩ ཡོད་པ་དང་། མི་གྲངས་ ༣༠ ཡིས་ངོ་རྒོལ་བྱས་པ་དང་། མི་གྲངས་ ༥༨ བར་གནས་བསྡད་པ་བཅས་ཚད་མཐོའི་རྒྱབ་སྐྱོར་གྱི་ཐོག་ནས་གན་རྒྱ་དེ་ཡོངས་སུ་རྩིས་མེད་བཏང་ཡོད་པས། རྒྱ་ནག་གི་ཕྱོགས་ནས་བཤད་ན་དེ་ནི་དཔལ་འབྱོར་དང་ཚོང་དོན་ཙམ་ཟད། རྒྱལ་སྤྱིའི་ཕྱི་འབྲེལ་གྱི་ཁྱབ་ཁོངས་ཁག་གི་ནང་དུའང་གྱོང་གུན་ཆེན་པོ་ཞིག་ཆགས་ཡོད།
ད་ཐེངས་ཀྱི་གྲོས་ཚོགས་ཐོག་རྒྱ་ནག་གི་ཕྱོགས་ནས་ཡོ་རོབ་མཉམ་འབྲེལ་གྱི་ཆབ་སྲིད་དང་ཕྱི་འབྲེལ་གྱི་མི་སྣར་གང་བྱུང་གི་བཀག་བསྡོམས་བྱས་པར་བརྟེན་ཕྱོགས་གཉིས་པོའི་མ་འཇོག་གྲོས་མཐུན་མཚམས་འཇོག་དགོས་པའི་རྒྱུ་མཚན་ཡོད་པ་མ་ཟད། ཡོ་རོབ་མཉམ་འབྲེལ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དེ་སྔོན་མ་ནང་བཞིན་རྒྱུན་མཐུད་ཡོང་མི་སྲིད་ཅེས་རྒོལ་གཏམ་སྤྲད་ཡོད་པ་དང། གྲོས་ཆོད་ནང་ད་དུང་ནན་བརྗོད་བྱས་དོན་རྒྱ་ནག་གི་ཕྱོགས་ནས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབ་པའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་བརྩི་སྲུང་ནན་པོ་བྱེད་དགོས་ལུགས་གསལ་སྟོན་བྱས་ཡོད་པ་དང། ཡོ་རབ་མཉམ་འབྲེལ་གྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཞིག་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་གནང་སྐབས། རྒྱ་ནག་ཉིན་བཞིན་བཙན་རྒྱལ་རིང་ལུགས་ཀྱི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དེར་ཁ་གཏད་གཅོག་སྐབས་ངེད་ཡོ་རོབ་ཀྱིས་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐག་དང་དཔལ་འབྱོར་ཚོང་དོན་གཉིས་ཐ་དད་དུ་འཇོག་མི་རུང་ཞེས་ནན་བརྗོད་བྱས་པ་དང་།དེ་བཞིན་འཐུས་མི་སྐུ་ཞབས་ཁཱ་ཧྤེ་ཧར་གྱིས་རྒྱ་ནག་ནི་ཤོག་བུས་བཟོས་པའི་སྟག་ཡིན་པས།ངེད་ཡོ་རོབ་ཀྱིས་རི་བོང་དཀར་པོ་བྱེད་དགོས་དོན་མེད་ཅེས་བརྗོད་ཡོད།