རྒྱལ་སྤྱིའི་རྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གཞུང་གིས་ལོ་བཅུ་ཕྲག་གོང་ནས་སྐྱེ་དངོས་མཚོན་ཆ་བཟོ་རྒྱུའི་འཆར་འགོད་བྱས་ཡོད་པ་མ་ཟད། མཚོན་ཆ་དེ་དག་ལ་བརྟེན་ནས་ཨ་རི་རྒྱལ་སྤྱིའི་སྡེང་ཆའི་ཐོག་ནས་རྩ་མེད་བཟོ་རྒྱུ་དང་། དེའི་ཚབ་ལ་རྒྱ་ནག་རང་ཉིད་ཀྱིས་རྒྱལ་སྤྱིའི་གནས་བབ་ཁ་ལོ་བསྒྱུར་རྒྱུའི་འཆར་གཞི་བཀོད་ཡོད། དེ་ཡང་ཡང་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་སྤྱི་ཟུར་པ་ཁྲེ་ཧའོ་ཐན་གྱིས་ནང་ཁུལ་གྱི་གཏམ་གླེང་ཧ་ཅང་རིང་པོ་ཞིག་བྱས་ཡོད་པའི་ནང། ཨ་རི་དང་རྒྱ་ནག་འགལ་བ་ཡིན་པ་དང་། རྒྱ་ནག་གིས་སྟབས་བསྟུན་འགྱུར་འགྲོས་ཀྱི་ཐབས་ཇུས་ལ་བརྟེན་ནས་ཨ་རི་ཇི་ལྟར་བྱས་ཏེ་རྩ་མེད་བཟོ་དགོས་པའི་ཐད་གཏམ་བཤད་བྱས་ཡོད། དེའི་ནང་དུའང་སྐྱེ་དངོས་མཚོན་ཆ་བཟོ་དགོས་པའི་ནན་བརྗོད་བྱས་ཡོད། ཡང་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་སྤྱི་ཟུར་པ་ལེའུ་ཧྭ་ཆིང་གིས་འཛམ་གླིང་གི་དཔལ་ཡོན་ནི་སྤོ་སྒྱུར་བྱེད་བཞིན་ཡོད་ཅིང། དུས་རབས་བཅུ་དགུ་ནི་དབྱིན་ཇིའི་དཔལ་ཡོན་གྱིས་དབང་བསྒྱུར་བྱས་པ་དང། དབྱིན་ཇིའི་དཔལ་ཡོན་གྱི་སྟོབས་ཤུགས་རིམ་གྱིས་ཉམས་ནས་དུས་རབས་ཉི་ཤུ་དེ་ཨ་རིའི་དཔལ་ཡོན་གྱིས་དབང་བསྒྱུར་བྱེད་པའི་དུས་རབས་སུ་འགྱུར་ལྡོག་བྱུང་ཡོད། དེ་ལ་བལྟས་ན་དུས་རབས་ཉེར་གཅིག་ནི་ཨེ་ཤེ་ཡའི་དུས་རབས་ཡིན་པ་དང། དེ་ཡང་གསལ་པོར་བཤད་ན་རྒྱ་ནག་གི་དུས་རབས་ཡིན་པ་སྨོས་མེད་རེད་ཅེས་བརྗོད་ཡོད། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་འཛིན་དགོས་ཞེས་ཡོངས་གྲགས་ཐོག་ནན་བརྗོད་བྱེད་ཀྱི་ཡོད་ཀྱང། དོན་དངོས་ཐོག་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་འཛིན་རྒྱུ་ནི་དམག་འཁྲུག་ལྟེ་བར་འཛིན་རྒྱུའི་ཆེད་དུ་རེད། རྒྱ་ནག་རྒྱལ་ཡོངས་ཀྱི་མཚོ་རྒྱུད་དང། མཐའ་འཚམས། དེ་བཞིན་གྲོང་ཁྱེར་ཆེ་འབྲིང་ཁག་གི་ཉེ་འདབས་སུ་ཉིང་རྡུལ་དམག་འཁྲུག་རྒྱག་ཐུབ་པའི་ས་འོག་གི་རྟེན་གཞི་བརྟན་པོ་ཞིག་འཛུགས་སྐྲུན་བྱས་ཏེ་དམག་འཁྲུག་གི་སྐབས་དགོས་ངེས་ཀྱི་དངོས་རྫས་ཡོངས་རྫོགས་གསོག་འཇོག་བྱེད་ཐུབ་ངེས་རེད། དེར་བརྟེན། ང་ཚོས་འཛམ་གླིང་དམག་ཆེན་གསུམ་པ་རྒྱག་རྒྱུར་སྐྲག་དགོས་དོན་མེད། ང་ཚོས་མི་དམངས་སྣེ་ཁྲིད་དེ་ང་ཚོའི་ཏང་གི་གནས་བབ་ནམ་ཡང་སྲུང་སྐྱོབ་བྱེད་དགོས་པ་དང། ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་སྡེང་ཆའི་ཐོག་ནས་ནམ་ཡང་ཕྱིར་འཐེན་བྱེད་མི་རུང། འཛམ་གླིང་ཡོངས་དང་ས་གོ་ལ་ཧྲིལ་པོ་རང་རེའི་ཏང་དང་མཉམ་དུ་འཇིགས་ཀྱི་ཡོད་ནའང་ང་ཚོས་ལོ་རྒྱུས་ཀྱི་སྡེང་ཆའི་ཐོག་ནས་ཕྱིར་འཐེན་བྱེད་མི་རུང། བློ་ཐུན་མའོ་ཙེ་ཏུང་གིས་ང་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐག་གཅོད་བྱེད་དགོས་པ་དང་། ཅི་ཞིག་ནི་ང་ཚོའི་ཆེས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡིན་ནམ་ཞེ་ན། ཨ་རིའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད་ཅེས་གསུངས་ཡོད། དེར་བརྟེན། བློ་མཐུན་མའོ་ཙེ་ཏུང་གིས་གསུངས་པ་ལྟར་ཨ་རིའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་གནད་དོན་གཞན་དག་ཐག་གཅོད་བྱ་རྒྱུའི་འགག་རྩ་རེད། ཐ་ན་གནས་དེར་ང་ཚོས་མི་སེར་འབོར་ཆེན་ཞིག་སྤེལ་ཐུབ་པ་དང། ཐ་ན་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་རྒྱ་ནག་གཉིས་པ་ཞིག་ཀྱང་གསར་འཛུགས་ཐུབ་ངེས་རེད། གནས་དེར་མི་རྒྱུད་སེར་པོའི་གནས་བབ་བབ་ཧ་ཅང་དམའ་པོ་ཡིན་པས་ང་ཚོས་ཁོ་ཚོར་བཅིངས་འགྲོལ་གཏོང་དགོས་པ་དང། ཨ་རིའི་གནད་དོན་ཐག་གཅོད་ཐུབ་ན་ཡོ་རོབ་གླིང་གི་རྒྱལ་ཁབ་རྣམས་རང་བཞིན་གྱིས་མགོ་སྒུར་ངེས་རེད། ཐེ་ཝན་དང་། འཇར་པན། དེ་མིན་གྱི་རྒྱལ་ཁབ་ཆུང་ཆུང་རྣམས་གནད་འགག་ཅི་ཡང་མ་རེད། དེར་བརྟེན། ཨ་རིའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ལོ་རྒྱུས་ཀྱིས་ང་ཚོ་གུང་ཁྲན་ཏང་ལ་སྤྲད་པའི་འགན་འཁྲི་རེད། དམིགས་བསལ་གྱི་ཐབ་བྱུས་ལ་བརྟེན་ནས་ཨ་རི་གཙང་བསེལ་བྱེད་དགོས་པ་དང། དེ་ནི་འགྲོ་ལམ་ཉག་གཅིག་ཡིན་པ་ལས་ང་ཚོ་བྱེད་འདོད་ཡོད་མེད་ཀྱི་གནད་དོན་ཞིག་མིན། དམིགས་བསལ་གྱི་བྱ་ཐབས་གང་ཞིག་ལ་བརྟེན་ནས་ཨ་རི་གཙང་བསེལ་ཐུབ་བམ་ཞེ་ན། དེ་ནི་གནམ་གྲུ་དང་མེ་སྒྱོགས་མིན་ལ། འཕུར་མདེལ་དང་དམག་གྲུ་སོགས་རྒྱུན་སྲོལ་གྱི་མཚོན་ཆས་ཡོང་གི་མ་རེད། དེ་ལྟར་བྱས་ཚེ་རྡུལ་ཕྲན་མཚོན་ཆས་ང་ཚོ་ཨ་རི་དང་མཉམ་དུ་རྩ་མེད་འགྲོ་ངེས་རེད། གཏོར་བརླགས་རང་བཞིན་མ་ཡིན་པའི་གཞི་ཁྱོན་ཆེས་ཆེ་བའི་མི་གསོད་ཀྱི་མཚོན་ཆས་ད་གཟོད་ང་ཚོའི་དམིགས་ཡུལ་ལེགས་གྲུབ་ཡོང་ངེས་རེད། དེང་སྐབས་སྐྱེ་དངོས་གོ་མཚོན་གྱི་ལག་རྩལ་གསར་པ་བྱ་འཕུར་བ་ལྟར་ཐོན་བཞིན་ཡོད་པས། ང་ཚོས་དུས་ཚོད་དམ་འཛིན་བྱས་ཏེ་ཐབ་མཆོག་དེ་རིགས་ཁོངས་ཏུ་ཆུད་ཐུབ་པ་བྱེད་དགོས། སྐྱེ་དངོས་མཚོན་ཆ་ནི་གདུག་རྩུབ་ཧ་ཅང་ཆེན་པོ་ཞིག་ཡིན་ཀྱང། ཨ་རི་མ་བསད་ན་ཀྲུང་གོ་འཆི་རྒྱུ་རེད། ང་ཚོས་ཕྱོགས་གཉིས་ནས་གྲ་སྒྲིག་བྱེད་དགོས། སྐྱེ་དངོས་མཚོན་ཆ་སྤྱད་ནས་འཇབ་རྒོལ་བྱེད་དགོས་པ་དང། གལ་ཏེ། ལམ་ལྷོངས་མ་བྱུང་བའམ་ཡང་ན་ཨ་རིས་ཉིན་རྡུལ་མཚོན་ཆ་སྤྱད་ནས་འཁོན་ལན་སློག་ཚེ་རྒྱ་ནག་ཕྱེད་ཀ་ལྷག་ཙམ་ལ་གྱོང་གུན་ཕོག་སྲིད་པས། ང་ཚོས་གྲོང་ཁྱེར་ཆེ་འབྲིང་ཁག་ལ་མཁའ་སྲུང་གི་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། ཏང་དང་། རྒྱལ་ཁབ། མི་རིགས་ཀྱི་མདུན་ལམ་ཆེད་དུ་ང་ཚོས་བློ་ཁོག་ཆེན་པོས་མདུན་བསྐྱོད་བྱ་རྒྱུ་ལས་གཞན་གང་ཡང་མེད། དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་རུང་བློས་གཏོང་བྱེད་དགོས་པ་དང་། རྒྱ་ནག་གི་མི་འབོར་ཕྱེད་ཀ་ཙམ་ཤི་ནའང་ད་དུང་བློས་གཏོང་བྱེད་དགོས། འོན་ཀྱང་གུང་ཁྲན་ཏང་འཐོར་གཞིགས་སུ་ཕྱིན་ཚེ་ཡོད་ཚད་ཚར་བ་དང་ཇི་སྲིད་བར་དུ་ཚར་བ་རེད་ཅེས་བརྗོད་ཡོད།