རླིས་ཀྲན་ཧྲུའུ་རྒྱ་ནག་གི་ཆབ་སྲིད་སྡིངས་ཆའི་ཐོག་ནས་གར་སོང་ཆ་མེད་དུ་གྱུར་ཏེ་བདུན་ཕྲག་གཉིས་ལྷག་ཙམ་འདས་ཟིན་པས། རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་ཚོས་དོན་དེར་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ལ། རྣམ་པ་འདྲ་མིན་གྱི་བལྟ་སྟངས་དང་དཔྱད་བརྗོད་བྱེད་མཁན་ཡང་གྲངས་ལས་འདས་པ་ཞིག་རེད། ཡང་སྙིང་དོན་དེར་མི་རྣམས་ཀྱིས་དེ་ལྟ་བུའི་དོ་སྣང་བྱེད་དགོས་དོན་ཅི་ཞིག་ཡིན་ནམ། རླིས་ཀྲན་ཧྲའུ་ཞེས་པ་དེ་སུ་ཞིག་རེད་དམ་ཞེ་ན། དེ་ཡང་རྒྱ་ནག་གི་མྱུར་ཚད་མགྱོགས་པའི་ཡར་རྒྱས་ཀྱི་རྣམ་པ་དང་། ཞི་ཅིང་ཕིང་མི་གཅིག་གི་དབང་ཚད་དེ་ཏེང་ཞའོ་ཕིང་དང་ཅང་ཙེ་མིན། ཐ་ན་མའོ་ཙེ་ཏུང་ལས་ཀྱང་ལྷག་པའི་དབང་ཚད་མཐོན་པོར་སླེབས་པ་བཅས་ཀྱིས་རྐྱེན་པས། རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་རྒྱ་ནག་གི་གནས་སྟངས་ཐད་དེ་སྔ་དང་མི་འདྲ་བའི་དོ་སྣང་བྱེད་ཀྱིན་ཡོད་ལ། རྒྱ་ནག་ལ་ཉམས་ཞིབ་བྱེད་པའི་ཚད་གཞི་དང་། འགྲོ་སོང། མི་སྣ་གསོ་སྐྱོང་བྱ་རྒྱུའི་ཐད་སྔར་ལས་ལྷག་པའི་ཤུགས་སྣོན་རྒྱག་བཞིན་པའི་དུས་ཚོད་གཅིག་ལ་སླེབས་ཡོད། ཕྱོགས་གཞན་ཞིག་ནས་བལྟས་ན་རླིས་ཀྲན་ཧྲུའུ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཡིན་པ་མ་ཟད། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོའི་གོ་གནས་ཡོད་པ་ཞིག་ཡིན་སྟབས་གོ་གནས་དེ་ཧ་ཅང་མཐོ་པོ་ཆགས་ཡོད། མ་ཟད་ཞི་ཅིང་ཕིང་གི་གཉེན་ཉེ་བའི་འཐབ་གྲོགས་དང་ལས་རོགས་ཀྱང་ཆགས་ཡོད། སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སློབ་སྦྱོང་སྐོར་གྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་ནས་བཟུང་རླིས་ཀྲན་ཧྲའུ་མཐོང་རྒྱུ་མེད་པ་ཆགས་ཡོད། ཐེངས་འདིའི་ཕྱི་ལོའི་ལོ་གསར་གྱི་ཇ་སྟོན་དགོང་ཚོགས་ཀྱི་ཐོག་ཏུའང་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་གཞན་ཚང་མ་ཆེད་བཅར་ཞུས་ཡོད་ཀྱང་རླིས་ཀྲན་ཧྲུའུ་སླེབས་མེད། ལོ་གསར་གྱི་ཇ་སྟོན་དགོང་ཚོགས་ནི་ལོ་གཅིག་དུས་གཅིག་གི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་དང་། གལ་ཏེ་ཚབས་ཆེའི་ནད་མནར་དང་གནས་ཚུལ་ཆེན་པོ་ལྷག་མེད་ཚེ་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཚང་མ་མཚན་ཚོགས་སུ་ཆེད་བཅར་བྱེད་དགོས་ཀྱི་ཡོད་ཀྱང་། འདི་ལོའི་དགོང་ཚོགས་ཐོག་རླིས་ཀྲན་ཧྲའུ་སླེབས་མེད། ཡང་སྙིང་རླིས་ཀྲན་ཧྲུའུ་ལ་གནས་ཚུལ་ཅི་ཞིག་ལྷག་པ་རེད་དམ། ཏོག་དབྱིབས་རིམས་ནད་འགོས་ནས་སྨན་ཁང་དུ་ལུས་པ་རེད་དམ། ཡང་ན་གནས་ཚུལ་གཞན་ཞིག་ལྷག་པ་རེད་དམ། གལ་ཏེ། རླིས་ཀྲན་ཧྲུའུ་ཏོག་དབྱིབས་རིམས་ནད་ཀྱིས་རྐྱེན་པས་ནད་མནར་བྱུང་ཡོད་ཚེ། ཁོ་པ་དང་ཚོགས་ཁང་གཅིག་དང་སྡིངས་ཆ་གཅིག་གི་སྟེང་དུ་ཚོགས་འདུར་མཉམ་ཞུགས་བྱེད་མཁན་ཚོར་ཡང་ནད་ཡམས་ཀྱིས་མནར་མི་སྲིད་པ་ག་ལ་ཡིན། ཡིན་ནའང། སྐབས་དེར་ཚོགས་ཞུགས་བྱེད་མཁན་ཚང་མ་ད་ལྟའི་བར་ནད་མནར་བྱུང་ཚུལ་གྱི་གནས་ཚུལ་ཅི་ཡང་ཐོན་མེད་ལ། སྤྱི་ལོ་ ༢༠༡༩ ལོར་རྒྱ་ནག་ཝུའུ་ཧན་ནས་ཏོག་དབྱིབས་རིམས་ནད་ཐོན་པ་ནས་བཟུང་ད་བར་རྒྱ་ནག་གི་མཐོ་རིམ་མི་སྣ་ནད་མནར་བྱུང་བ་དེ་ཧ་ཅང་མཐོང་དཀའ་བའི་གནས་ཚུལ་ཞིག་ཆགས་ཡོད། གལ་ཏེ་ཏོག་དབྱིབས་རིམས་ནད་ཀྱིས་རྐྱེན་པས་ནད་མནར་བྱུང་ཡོད་པའི་དབང་དུ་བཏང་ན། དེ་ནི་འཛམ་གླིང་ཡོངས་ཁྱབ་རང་བཞིན་གྱི་གནས་ཚུལ་ཞིག་ཡིན་པ་ལས་རྒྱ་ནག་གཅིག་པུའི་དམིགས་བསལ་གང་ཡང་མིན་སྟབས། ངེས་པར་དུ་ཁྱབ་བསྒྲགས་བྱེད་དགོས་པ་ལས་གསང་བ་བྱེད་དགོས་པ་དོན་ཡང་མེད། ཁ་སང་ཚེས་ ༦ ཉིན་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཀྱི་ཚོགས་འདུ་སྐོང་འཚོགས་བྱས་ཡོད་པ་དེར་དེ་བས་ཀྱང་མི་རྣམས་ཀྱིས་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། གང་ཡིན་ཞེ་ན།དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཚོགས་འདུ་སྐོང་འཚོགས་བྱེད་སྐབས་རྒྱུན་ལས་ཚང་མ་ཆེད་བཅར་ཞུ་གི་ཡོད་སྟབས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཡིན་པའི་རླིས་ཀྲན་ཧྲའུ་ཡི་ངོས་ནས་བཤད་ན་དེ་བས་ཀྱང་སྨོས་མི་དགོས་པ་རེད། ཡིན་ནའང། ད་ཐེངས་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཚོགས་འདུའི་སྐོར་གྱི་རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་ནང་རླིས་ཀྲན་ཧྲུའུ་ཚོགས་འདུར་མཉམ་ཞུགས་བྱས་པའི་གནས་ཚུལ་ཐོན་མེད་ལ། ཞི་ཅིང་ཕིང་ཕུད་པའི་རྒྱུན་ལས་གཞན་དག་གི་མིང་ཡང་གསལ་ཁ་མ་གཏོད་པར་སྤྱི་མ་སྤོམ་གྱི་ཐོག་ལ་བཞག་ཡོད། དབུས་བརྙན་འཕྲིན་ཁང་ནས་སྤེལ་བའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུའང་སྙན་སྒྲོན་པས་ཚོགས་འདུའི་ནང་དོན་ཡིག་ཐོག་ནས་སྒྲོག་སྦྱང་བྱས་པ་ཙམ་ལས་བརྙན་སོགས་ནང་དོན་གཅིག་ཀྱང་ཕྱིར་བསྒྲགས་བྱས་མེད་སྟབས། མི་རྣམས་དེ་བས་ཀྱང་དོགས་པ་ཆེས་ཆེར་འཕེལ་བཞིན་ཡོད། ད་ཐེངས་ཚོགས་འདུའི་ཐོག་ཞི་ཅིང་ཕིང་གིས་གཅིག་བསྡུད་གཅིག་གྱུར་གྱི་འགོ་ཁྲིད་ཀྱི་ལམ་ལུགས་མཐའ་འཁྱོངས་དང་སྲུང་སྐྱོབ་བྱེད་དགོས་པ་ནན་བརྗོད་བྱས་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན་ནས་ད་བར་རླབས་ཆེན་གྱི་གྲུབ་འབྲས་དེ་ལྟར་ཐོབ་པའི་ཆེས་རྩ་བའི་རྒྱུ་རྐྱེན་ནི། ཏང་གི་གཅིག་བསྡུད་གཅིག་གྱུར་གྱི་འགོ་ཁྲིད་གཡོ་འགུལ་མེད་པར་མཐའ་འཁྱོངས་དང་སྲུང་སྐྱོབ་བྱས་པ་ལ་བརྟེན་ནས་བྱུང་ཡོད་ཅེས་ནན་བརྗོད་བྱས་ཡོད། གཅིག་བསྡུད་གཅིག་གྱུར་གྱི་འགོ་ཁྲིད་ཅེས་པ་དེ་ནི། ཚིག་གཅིག་ལ་བསྡུས་ནས་བཤད་ན་ཞི་ཅིང་ཕིང་གི་སྲོག་ཤིང་གི་གནས་བབ་སྲུང་སྐྱོབ་དང་།སྲོག་ཤིང་ལ་གོང་བཀུར་བྱེད་དགོས་ཟེར་བ་དེ་རེད། རླིས་ཀྲན་ཧྲའུ་ནི་ཞི་ཅིང་ཕིང་གི་སྙིང་་ཉེ་བའི་གྲོགས་པོ་ཞིག་ཡིན་པ་དང་། དུས་རྒྱུན་གྱི་བལྟ་སྟངས་ཐོག་ནས་བཤད་ན་ད་ལྟའི་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཀྱི་ནང་ཞི་ཅིང་ཕིང་གི་བློ་གཏད་བཅོལ་ཡུལ་གྱི་མི་ཞིག་ཡོད་ན་དེ་ནི་རླིས་ཀྲན་ཧྲའུ་རེད། ཅེས་བརྗོད་ཀྱི་ཡོད། རླིས་ཀྲན་ཧྲའུ་དང་ཞི་ཅིང་ཕིང་ནི་གཞི་རིམ་གྱི་ལས་དོན་མང་པོའི་ནང་ནས་འདྲིས་གཤིབ་དང་འགྲོགས་འདྲིས་སུ་འགྱུར་བའི་ལས་རོགས་བཟང་པོ་དང་འཐབ་གྲོགས་བཟང་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གནས་ཚུལ་དེ་རིགས་ལ་བལྟས་ན་ཞི་ཅིང་ཕིང་དང་རླིས་ཀྲན་ཧྲའུ་དབར་ལ་རྣོ་ངར་རང་བཞིན་གྱི་འཐབ་རྩོད་གཅིག་ཡོང་སྲིད་དམ་ཞེ་ན། མི་མང་པོ་ཞིག་གིས་དེ་ནི་ཡོང་མི་སྲིད་པའི་གནད་དོན་ཞིག་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་མ་ཐག་ལོ་ལྔ་ཚན་གཅིག་གི་རིང་ཞི་ཅིང་ཕིང་གིས་རླིས་ཀྲན་ཧྲའུ་དབུས་གཞུང་ཡིག་ཚང་གི་དྲུང་ཆེར་བསྐོ་བཞག་བྱས་པ་མ་ཟད། ཕྱི་ལོ་༢༠༡༧ ལོར་སྐོང་འཚོགས་བྱས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་དམར་ཤོག་ཚོགས་ཆེན་ཐེངས་བཅུ་དགུའི་ཐོག་རླིས་ཀྲན་ཧྲའུ་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོར་བསྐོ་བཞག་བྱས་ཡོད་སྟབས། དངོས་དོན་འདི་དག་ལ་བལྟས་ན་རླིས་ཀྲན་ཧྲའུ་དང་ཞི་ཅིང་ཕིང་གི་དབར་ལ་དེ་ལྟ་བུའི་རྣོ་ངར་ཆེ་བའི་འཐབ་རྩོད་ཡོང་མི་སྲིད། དཔྱད་གཏམ་པ་འགའ་ཞིག་གིས་དེ་ལས་ལྡོག་ཏེ་རྒྱ་ནག་གི་ལོ་རྒྱུས་ཐོག་བྱུང་བའི་ཆབ་སྲིད་ཀྱི་དོན་རྐྱེན་མང་པོ་དཔེ་མཚོན་དྲངས་ནས་རླིས་ཀྲན་ཧྲའུ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དེ་ནི། འབར་གས་བྱ་ལ་ཉེ་བའི་ཆབ་སྲིད་ཀྱི་དོན་རྐྱེན་ཞིག་རེད་ཅེས་བརྗོད་ཀྱི་ཡོད། དེ་ཡང་ལོ་རྒྱུས་ལ་ཕྱིར་མིག་གཅིག་བལྟས་ན། མའོ་ཙེ་ཏུང་གི་དུས་སྐབས་སུ་ལིང་པེའོ་ནི་མའོ་ཙེ་ཏུང་གི་སྙིང་ཉེ་བའི་འཐབ་གྲོགས་ཤིག་ཡིན་པ་མ་ཟད། མའོ་ཙེ་ཏུ་རང་ཉིད་ནས་སོ་སོའི་རྒྱུན་འཛིན་པར་མིག་འཛུགས་བྱས་པའི་གལ་ཆེའི་མི་སྣ་ཞིག་ཀྱང་ཆགས་ཡོད། དུས་སྐབས་དེར་ལིང་པེའོ་ཡི་གནས་རིམ་དེ་སྲིད་བློན་ཀྲའུ་ཨེན་ལའེ་ཡི་གནས་རིམ་ལས་ཀྱང་མཐོ་བ་ཆགས་ཡོད། དེ་ལྟར་ནའང་མའོ་ཙེ་ཏུང་གི་སྙིང་ཉེ་བའི་འཐབ་གྲོགས་དང་མའོ་ཙེ་ཏུང་སྐུ་ངོ་མས་རང་གི་རྒྱུན་འཛིན་པར་མིག་འཛུགས་དང་གསོ་སྐྱོང་བྱས་པའི་ལེང་པེའོ་ཡིས་མའོ་ཙེ་ཏུང་ལྐོག་གསོད་གཏོང་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་དང་། མཐར་འཆར་གཞི་ལམ་ལྷོངས་མ་ཕྱིན་པར་ཕམ་ཉེས་སུ་སོང་བའི་ལོ་རྒྱུས་ལུང་འདྲེན་ཡང་བྱས་ཡོད།