བོད་རང་སྐྱོང་ལྗོངས་སུ་གནམ་ཐང་ ༥༠ གསར་རྒྱག་གི་ལས་འཆར།

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འབྱུང་འགྱུར་གནམ་ཐང་འབོར་ཆེན་ཞིག་གསར་རྒྱག་གི་བྱ་རྒྱུའི་འཆར་གཞི་བཀོད་ཡོད་པ་དང་། དེ་ཡང་སྤྱི་ལོ་ ༢༠༡༧ ལོ་ནས་འགོ་འཛུགས་ཀྱིས་སྤྱི་ལོ་ ༢༠༣༠ ལོ་བར་གནམ་ཐང་ ༥༠ གསར་རྒྱག་བྱ་རྒྱུའི་འཆར་གཞི་བཀོད་འདུག དེ་ཡང་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཀྱི་འདམ་གཞུང་དང། གྲོ་མོ། སྐྱིད་གྲོང། ལྷུན་རྩེ། མེ་ཏོག རྒྱ་མདའ། སྨར་ཁམས། འབྲི་རུ། སྤུ་ཧྲེང་བཅས་རྫོང་ཁག་དགུ་ཡི་ནང་གནམ་ཐང་ ༩ གསར་རྒྱག་བྱེད་བཞིན་པ་དང། སྤྱི་ལོ་ ༢༠༢༢ ལོ་ནས་བཟུང་རིམ་བཞིན་ལྷུན་གྲུབ་རྫོང་དང་། གཉའ་ནང་རྫོང། དིང་རི་རྫོང་། གམ་པ་རྫོང། ལྷོ་བྲག་རྫོང། རྫ་ཡུལ། ལྷོ་རོང་རྫོང། སྟེང་ཆིང་རྫོང། སྒེར་རྩེ་རྫོང། ཉི་མ་རྫོང་བཅས་དང་། ལོ་རེར་ཆ་སྙོམས་གནམ་ཐང་གསུམ་གསར་རྒྱག་བྱ་རྒྱུ་དང་། དེ་རྗེས་རིམ་བཞིན་སྙེ་མོ་རྫོང་དང། མལ་གྲོ་གུང་དཀར་རྫོང། ཏིང་སྐྱིད་རྫོང་། ཁང་དམར་རྫོང། བཞད་མཐོང་མོན་རྫོང། ངམ་རིང་རྫོང། ལྷ་རྩེ་རྫོང། མཚོ་སྣ་རྫོང་། ཆུ་གསུམ་རྫོང། སྤོ་བོ་རྫོང། གོ་འཇོ་རྫོང། དཔའ་ཤོད་རྫོང། སྦྲ་ཆིང་རྫོང། གཉན་རོང་རྫོང་། སྤང་ཀ་རྫོང། ལྷ་རི་རྫོང། མཚོ་གཉིས་རྫོང། མཚོ་ཆེན་རྫོང། རྩ་མདའ་རྫོང་བཅས་ཀྱི་ནང་གསར་རྒྱག་བྱ་རྒྱུ་རེད་འདུག ལྷ་སའི་གོང་དཀར་གནམ་ཐང་རྒྱས་སྐྲུན་བྱ་བཞིན་པ་དང་། དེ་བཞིན་ལྷ་སའི་བྱང་ཕྱོགས་སུ་ཡོད་པའི་ལྷུན་གྲུབ་རྫོང་དུ་གཞི་རྒྱ་ཆེ་བའི་གནམ་ཐང་གསར་པ་ཞིག་གསར་རྒྱག་བྱ་རྒྱུའི་ལས་འཆར་བཀོད་ཡོད་པ་དང་། གོང་གསལ་གྱི་ལས་འཆར་དེ་དག་ནང་ནས་གྲོ་མོའི་གནམ་ཐང་དང་། ལྷོ་ཁའི་ལྷུན་རྩེའི་གནམ་ཐང། འདམ་གཞུང་གནམ་ཐང་སོགས་གནམ་ཐང་འགའ་ཤས་ལས་གཞི་འགོ་འཛུགས་ཟིན་པ་དང་། གནམ་ཐང་ལྔ་བཅུའི་ནང་ ༡༣ ཙམ་ཞིག་ནི་རྒྱ་གར་དང་ཧ་ཅང་ཐག་ཉེ་བའི་ས་འཚམས་སུ་འཁེལ་གྱི་ཡོད་སྟབས།འབྱུང་འགྱུར་རྒྱ་གར་གྱི་བདེ་འཇགས་ལ་བསམ་ན་གལ་གནད་ཆེ་བའི་གནད་དོན་ཞིག་ཆགས་ཡོད།

གནམ་ཐང་གསར་རྒྱག་གི་ས་གནས་མང་ཆེ་བ་ནི་གྲོང་ཁྱེར་དང། གྲོང་རྡལ། རྫོང་སོགས་ཆ་རྐྱེན་ལེགས་པའི་ས་གནས་ཁག་ཡིན་པ་དང་། དེ་ཁུལ་དུ་གནམ་ཐང་དང་འབྲེལ་བའི་མགྲོན་མཁང་དང་། ཚོང་རྭ་སོགས་དུས་གཅིག་ཏུ་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་འབོར་ཆེན་ཞིག་བྱ་རྒྱུ་དང་། དེས་རྐྱེན་པས་རྒྱ་རིགས་འབོར་ཆེན་ཞིག་གནས་དེར་གཞིས་སྤོས་དང་གཏན་སྡོད་བྱེད་ཀྱི་ཡོད་པས། མི་འབོར་ཉུང་བའི་བོད་ལ་ཆ་མཚོན་ན་དེ་ནི་ཧ་ཅང་ཉེན་ཁ་ཆེ་བའི་གནད་དོན་ཞིག་ཆགས་ཡོད། གནས་སྤོའི་་རྒྱ་རིགས་ཀྱི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་དང་ཆབས་ཅིག་ས་གནས་ས་ཐོག་གི་མི་རྣམས་རྒྱ་མི་རིགས་ཀྱི་མི་འབོར་ནང་ཐིམ་འགྲོ་བའི་སྣང་ཚུལ་ཞིག་ཀྱང་རང་བཞིན་གྱིས་མངོན་བཞིན་ཡོད།