ཉེ་ལམ་སྐོང་འཚོགས་བྱས་པའི་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཏངང་གི་འཐུས་མི་ཚོགས་ཆེན་ཐོག་མ་འོངས་པའི་བོད་རང་སྐྱོང་ལྗོངས་ཀྱི་འཛིིན་སྐྱོང་དང་འབྲེལ་བའི་གལ་ཆེའི་གནད་དོན་མང་པོ་ཐག་གཅོད་བྱས་པ་ལས། ཆེས་གལ་གནད་ཆེ་ཤོས་གཅིག་ནི་བོད་རིགས་དང་རྒྱ་རིགས་ཀྱི་འཐུས་མིའི་གྲངས་འབོར་གྱི་བསྡུར་གྲངས་འགྱུར་ལྡོག་བཏང་ཡོད། ད་ཐེངས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཏང་གི་ཨུ་ཡོན་ལྷན་ཁང་ནང་ཁྱོན་བསྡོམས་འཐུས་མི་ ༧༥ གཏན་འཁེལ་བྱས་ཡོད། ལྷན་ཁང་དེ་ནི་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དབང་ཚད་མཐོ་ཤོས་ཀྱི་ལྷན་ཁང་དེ་ཆགས་ཡོད། འཐུས་མི་ ༧༥ ཡོད་པའི་ནང་བོད་རིགས་འཐུས་མི ༣༤ དང་། རྒྱ་རིགས་འཐུས་མི་གྲངས་ ༤༠ ། ཧུའི་རིགས་ ༡ བཅས་ཡོད་པས་རྒྱ་རིགས་ཀྱི་འཐུས་མིའི་གྲངས་འབོར་དེ་བོད་རིགས་ལས་མི་གྲངས་ ༦ གིས་མང་བ་བཟོས་ཡོད། སྤྱི་ལོ་ ༢༠༡༦ ལོང་སྐོར་འཚོགས་བྱས་པའི་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཚོགས་ཆེན་ཐོག་ཁྱོན་བསྡོམས་འཐུས་མི་ ༧༤ ཡོད་པའི་ནང་བོད་རིགས་འཐུས་མི་ ༣༧ སྟེ་རྒྱ་ཆ་ ༥༠ དང་། རྒྱ་རིགས་ ༣༧ སྟེ་རྒྱ་ཆ་ ༥༠ བཅས་བོད་རིགས་དང་རྒྱ་རིགས་ཀྱི་བསྡུར་གྲངས་གཅིག་མཚུངས་རེད། ཡིན་ནའང། འདི་ལོའི་ཚོགས་འདུའི་ཐོག་རྒྱ་རིགས་ཀྱི་མི་གྲངས་དེ་བོད་རིགས་ཀྱི་མི་གྲངས་ལས་མི་གྲངས་ ༦ གིས་མང་བ་བཟོས་ནས་བོད་རིགས་ཀྱི་ས་མིག་ ༦ རྒྱ་རིགས་ཀྱིས་བཙན་བཟུང་ཡོད། སྤྱི་ལོ་ ༢༠༡༡ ལོར་སྐོང་འཚོགས་བྱས་པའི་སྐབས་བརྒྱད་པའི་སྐབས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐོག་འཐུས་མི་ ༦༠ ཡོད་པའི་ནང་བོད་རིགས་འཐུས་མི་ ༣༥ སྟེ། རྒྱ་ཆ་ ༥༨༌༣༣ དང་། རྒྱ་རིགས་འཐུས་མི་ ༢༥ སྟེ་རྒྱ་ཆ་ ༤༡༌༦༧ བཅས་བོད་རིགས་ཀྱི་གྲངས་འབོར་དེ་རྒྱ་རིགས་ལས་མི་གྲགས་ ༡༠ ཡི་མང་བ་ཟིན་གྱི་ཡོད། གནད་དོན་དེའི་ཐོག་ནས་རྒྱ་ནག་གཞུང་གིས་གོམས་པ་རིམས་བགྲོད་ཀྱི་ཐོག་ནས་བོད་ནང་རྒྱ་རིགས་ཀྱི་དབང་ཆ་ཇི་ཙམ་ཆེ་རུ་གཏོང་གི་ཡོད་པ་དང་བོད་རིགས་ཀྱི་དབང་ཚད་ཇི་ཙམ་ཆུང་དུ་གཏོང་བའི་ཁྱད་པར་དེ་མཐོང་ཐུབ་ཀྱི་ཡོད། ཁྱད་པར་དེའི་ཐོག་ནས་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ཞེས་པའི་དབང་ཚད་དེ་ལོ་རེ་ལས་མ་བསྡད་པར་ཇེ་ཆུང་དུ་གཏོང་གི་ཡོད་པ་ར་སྤྲོད་གསལ་པོ་བྱས་ཡོད། དེར་བརྟེན། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དབང་ཚད་མཐོ་ཤོས་ཡིན་པའི་དྲུང་ཆེའི་གོ་གནས་དེ་རྒྱ་རིགས་ཀྱིས་བཟུང་ཡོད་པ་མ་ཟད། རྒྱུན་ལས་ ༡༥ ཡོད་པའི་ནང་རྒྱ་རིགས་ ༩ དང་བོད་རིགས་ ༦ ལས་མེད་པ་དང་། འདི་ལོ་ནས་བཟུང་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་བསྡུར་གྲངས་དེ་ཡང་རྒྱ་རིགས་ཀྱི་འཐུས་མིའི་གྲངས་ཚད་དེ་བོད་རིགས་ལས་ ༦ གིས་མང་བཟོས་ཟིན་པ་རེད། གནད་དོན་འདི་དག་གི་ཐོག་ནས་བོད་མིའི་ཐོབ་ཐང་དང་མི་རིགས་རང་སྐྱོང་གི་གནས་བབ་ཇི་ཙམ་ཡོད་མེད་གསལ་པོ་མཚོན་ཐུབ། རྒྱལ་སྤྱིའི་ཐོག་བོད་དོན་བདེན་རྒྱབ་སྐུལ་སློང་དང་བོད་དོན་གྱི་གནས་བབ་མཐོ་རུ་གཏོང་དགོས་ན་རྒྱ་ནག་གཞུང་གིས་བོད་དུ་འཛིན་པའི་སྲིད་ཇུས་དང་དེའི་འགྱུར་ལྡོག བོད་ཀྱི་རིམ་པ་ཁག་གི་ལས་ཁུངས་དང་སྡེ་ཚན་སོགས་ཀྱི་ནང་བོད་རིགས་དང་རྒྱ་རིགས་ཀྱི་བསྡུར་གྲངས་སོགས་ལ་ཞིབ་འཇུག་ཚད་ལྡན་བྱེད་དགོས་པ་ལས་བརྟག་དཔྱད་ཞིབ་འཇུག་མི་བྱེད་པ་དང་ཁུངས་ལྡན་གྱི་གནས་ཚུལ་མ་ཤེས་པར་གང་བྱུང་གི་ཁྱབ་བསྒྲགས་བྱས་ཚེ་བོད་དོན་འཐབ་རྩོད་ལ་ཕན་གནོད་ཇི་ཡོང་རྟོགས་དཀའ་བ་རེད།