ཨོ་རྩལ་གྱི་མཛད་སྒོ་ནས་རྒྱ་ནག་གི་ཉམས་ཉེས་མཐོང་ཐུབ།

འདི་ཟླའི་ཚེས་ ༤ ཉིན་ཐེངས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད། དེ་ཉིན་འཛམ་གླིང་ས་གནས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་དང། དེ་བཞིན་ཤར་ཏུ་ཀི་སི་ཐན་དང་། ནང་ནང་སོག རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད། དེ་ཡང་ཕྱི་ཚུལ་ནས་བལྟས་ན་ད་ཐེངས་ཀྱི་མཛད་སྒོ་དེ་རྔམ་བརྗིད་ལྡན་པ་ཞིག་དང། རྒྱ་ནག་ནི་འཛམ་གླིང་ཁ་ལོ་བསྒྱུར་མཁན་ལྟ་བུའི་རྣམ་པ་ཞིག་འཆར་སྲིད་ཀྱང་། རྔམ་བརྗིད་ལྡན་པའི་ཕྱི་ཚུལ་གྱི་ཡོལ་བའི་སྲང་རས་ཕྱེ་ནས་ནང་ངོས་ཀྱི་གནས་ཚུལ་དངོས་ལ་ཉམས་ཞིབ་དང་དཔྱད་ཞིབ་བྱས་ཚེ་ད་ཐེངས་ཀྱི་མཛད་སྒོ་དེ་རྒྱུད་ནས་གནས་ཚུལ་མང་པོ་ཞིག་ལ་རྒྱུད་ལོན་ཐུབ་པ་སྟེ། དེ་ཡང་ཐོག་མར་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འགལ་བ་དང་འཐབ་རྩོད་ཀྱི་ནད་རྟགས་མཐོང་ཐུབ་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ད་ལྟའི་རྒྱ་ནག་གཞུང་ལ་ཆེ་མཐོང་ཇི་ཙམ་ཡོད་པ་དང་། ཐ་ན་རྒྱ་ནག་དང་འབྲེལ་ལམ་ཟབ་པོ་ཡོད་པའི་ཨུ་རུ་སུའི་སྲིད་འཛིན་ཧྤུ་ཀྲེན་གྱིས་ཀྱང་ཕྱི་འབྱོར་སྔ་ལོག་བྱས་ཏེ་ཞི་ཅིང་ཕིང་ངོ་ཚ་ཁ་སྐྱེངས་སུ་བཏང་བ་བཅས་ཀྱི་གནས་ཚུལ་མང་པོ་ཤེས་རྟོགས་ཐུབ། ཡིན་ནའང། མི་འགའ་ཤས་ཀྱིས་མཛད་སྒོ་འདིའི་རིགས་ལ་རྩ་བ་ནས་བལྟ་རྒྱུ་མེད་ཅེས་རྒྱ་ནག་ལ་ཉམས་ཞིབ་བྱེད་པའི་གོ་སྐབས་དེ་དག་ཆུས་ཟོད་དུ་གཏོང་གི་ཡོད། དེར་བརྟེན་འདི་ལྟ་བུའི་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བ་ཡོད་པའི་མཛད་སྒོ་ཁག་ལ་དཔྱད་ཞིབ་བྱ་རྒྱུ་དེ་རྒྱ་ནག་ལ་ཉམས་ཞིབ་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡིན་པས་གོ་སྐབས་འདི་བཟུང་ནས་རྒྱ་ནག་ལ་ཉམས་ཞིབ་བྱེད་དགོས། ད་ཐེངས་ཀྱི་མཛད་སྒོ་དེར་རིམ་པ་ཁ་ཤས་ཀྱི་ཐོག་ནས་དོ་སྣང་བྱེད་དགོས་པ་སྟེ། རིམ་པ་དང་པོ་ནི། ཚེས་ ༤ ཉིན་ཨོ་གླིང་ཧྤིག་རྩེད་འགྲན་གྱི་དངོས་གཞིའི་མཛད་སྒོ་རེད། ད་ཐེངས་ཀྱི་དངོས་གཞིའི་མཛད་སྒོའི་ཐོག་རྒྱ་ནག་གཞུང་གིས་ཆེད་དུ་གདན་ཞུ་བྱས་པའི་སྐུ་མགྲོན་གལ་ཆེ་ཤོས་ནི། ཨུ་རུ་སུའི་སྲིད་འཛིན་ཧྤུ་ཀྲེང་རེད། ཡིན་ནའང། སྲིད་འཛིན་ཧྤུ་ཀྲེང་གིས་ཀྱང་ད་ཐེངས་མཛད་སྒོ་དེར་བལྟ་ཙམ་བྱས་པ་ལས་བྱེད་སྒོ་གཞན་དག་གང་གི་ནང་དུའང་མཉམ་ཞུགས་བྱས་མེད། ཧྤུ་ཀྲིན་ཚེས་བཞི་ཡི་ཉིན་རྒྱབ་པེ་ཅིང་དུ་འབྱོར་བ་དང་དེ་ཉིན་ཕྱི་དྲོ་རང་ཕྱིར་ལོག་བྱས་པ་བཅས་རྒྱ་ནག་ལ་ཆུ་ཚོད་འགའ་ཤས་ལས་བསྡད་མེད་པས་དེ་ནི་མཐོང་ཆུང་དང་འཕྱ་སྨོད་ཀྱི་རྣམ་པ་ཞིག་མ་ཡིན་ནམ། སྤྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་གླིང་ཧྤེ་རྩེད་འགྲན་སྐབས་ཧྤུ་ཀྲེང་གིས་སྐབས་དེའི་དངོས་གཞིའི་མཛད་སྒོར་མཉམ་ཞུགས་བྱས་པ་མ་ཟད། ད་དུང་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝན་ཅཱ་པའོ་བཅས་དང་ཁག་སོ་སོར་ཐུགས་འཕྲད་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐོག་གི་གནད་དོན་མང་པོའི་ཐད་གྲོས་མོལ་བྱས་ཡོད་པ་དང་། སྐབས་དེར་ཧྤུ་ཀྲེེང་པེ་ཅིང་དུ་ཉིན་གཉིས་བཞག་སྡོད་བྱས་ཡོད། དེ་དང་བསྡུར་ན་ད་ཐེངས་ཆོུད་འགའ་ཤས་ཀྱི་མཚམས་གཟིགས་དེ་ནི་ཞི་ཅིང་ཕིང་ལ་སེམས་གསོ་བཏང་བ་ཙམ་དང་། ཡང་ན་འཕྱ་སྨོད་ཀྱི་རྣམ་འགྱུར་བསྟན་པའི་སྲིད་ཇུས་ཤིག་ཀྱང་བཟུང་ཡོད། གནས་ཚུལ་འདི་རིགས་ལ་བལྟས་ན་ཨ་རི་གཙོས་པའི་དམངས་གཙོའི་རྒྱལ་ཁབ་ཁག་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་པ་མ་ཟད། ཐ་ན་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བ་དེ་ཡང་ཉམས་ཞན་གྱི་གནས་སུ་ལྷུང་ཡོད་པ་རྟོགས་ཐུབ། སྤྱི་ལོ་ ༢༠༠༨ ལོའི་ཨོ་གླིང་ཧྤེ་རྩེད་འགྲན་སྐབས་ཀྱི་དངོས་གཞིའི་འགོ་འཛུགས་མཛད་སྒོའི་ཐོག་ཨ་རིའི་སྲིད་འཛིན་པུའུ་ཤི་དང་ཁོང་གི་སྐུ་ཟླ་ཡང་མཉམ་ཞུགས་གནང་ཡོད་པ་མ་ཟད། ད་དུང་ཨིན་ལན་དང་། ཁེ་ན་ཀྲ། འཇར་མན། ཧྤ་རན་སི། ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་སོགས་གནད་ཡོད་དབུ་འཁྲིད་ ༨༠ ཙམ་མཛད་སྒོར་མཉམ་ཞུགས་བྱས་ཡོད། ད་ཐེངས་ཀྱི་མཛད་སྒོར་མི་གྲངས་ ༢༨ ལས་མཉམ་ཞུགས་བྱས་མེད་པ་དང། དེ་དག་ཀྱང་མང་ཆེ་ནི་ཨ་རབ་ཁ་ཆེའི་རྒྱལ་ཁབ་ཆགས་ཡོད། སྐུ་མགྲོན་ ༨༠ དང་ ༢༨ ནི་མཚུངས་བསྡུར་བྱེད་ཐབས་བྲལ་བའི་ཁྱད་པར་ཆེན་པོ་ཤོར་ཡོད། དངོས་འབྲེལ་བྱས་ན། སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་དབུ་འཛུགས་ཀྱིས་བོད་ས་ཡོངས་སུ་ཁྱབ་པའི་ཞི་རྒོལ་ཆེན་པོ་དེ་འདྲ་ཞིག་བྱུང་བ་དང་། དེ་ལ་རྒྱ་ནག་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པ་བཅས་ཀྱིས་སྐབས་དེའི་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོར་མཉམ་ཞུགས་བྱ་རྒྱུའི་ཐད་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་དགོངས་པ་ཟབ་བཞེས་དགོས་ཀྱང་། ཨ་རིའི་སྲིད་འཛིན་གྱིས་གཙོས་པའི་དམངས་གཙོའི་རྒྱལ་ཁབ་ཁག་གི་དབུ་འཁྲིད་ ཚོས་གཏིང་ཟབ་པའི་བསམ་བློ་ཅི་ཡང་མ་བཏང་བར་ཁྱི་དང་གློ་བ་འཔྲད་པ་ཇི་བཞིན་མཉམ་ཞུགས་བྱས་ཡོད། ཚེས་ ༥ ཉིན་གྱི་དགོང་དྲོ་ཞི་ཅིང་ཕིང་གིས་ད་ཐེངས་ཨོ་གླིང་ཧྤིག་རྩེད་འགྲན་གྱི་མཛད་སྒོར་ཕེབས་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་རྒྱལ་ཁབ་རིམ་པའི་ཚད་གཞི་མཐོ་ཤོས་དང་གྲ་རྒྱས་ཤོས་ཀྱི་གསོལ་སྟོན་བཤམས་ཡོད། འོན་ཀྱང་མགྲོན་གྱི་གཙོ་བོ་ཡིན་པའི་སྲིད་འཛིན་ཧྤུ་ཀྲེང་གིས་གསོལ་སྟོན་ལ་མཉམ་ཞུགས་མ་བྱས་པར་སྔ་ས་ནས་རང་གནས་སུ་ཕྱིར་ལོག་བྱས་པ་མ་ཟད། ཐ་ན་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས། སྲིད་བློན་ལི་ཁཱ་ཆང་དང་། སྲིད་འཛིན་གཞོན་པ་ཝང་ཅིས་ཧྲན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲའུ་ཞི་དབང་ཡང་གིས་ཀྱང་གསོལ་སྟོན་དེར་མཉམ་ཞུགས་བྱས་མེད། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གི་གཟི་བརྗིད་དང་ཆིག་སྒྲིལ་ངོམས་ཟོ་བྱེད་པའི་མཛད་སྒོ་འདི་ལྟ་བུར་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཡོད་ཚད་མཉམ་ཞུགས་བྱེད་དགོས་པ་དེ་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཡིན་ཡང་། ཅིའི་ཕྱིར་སྲིད་བློན་ལི་ཁཱ་ཆང་དང་། སྲིད་འཛིན་གཞོན་པ་ཝང་ཅིས་ཧྲན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུ་ཞི་ཝང་ཡང་སོགས་རིམ་པ་མཐོ་ཤོས་ཀྱི་དཔོན་རིགས་དག་མཛད་སྒོ་དེར་མཉམ་ཞུགས་མ་བྱས་པ་རེད་དམ། སྤྱི་ལོ་ ༢༠༠༨ ལོའི་ཨོ་གླིང་ཧྤིག་རྩེད་འགྲན་གྱི་སྐབས་ཧུའུ་ཅིན་ཐའོ་ཡིས་བཤམས་པའི་རྒྱལ་ཁབ་རིམ་པའི་གསོལ་སྟོན་གྱི་ཐོག་སྐབས་དེའི་སྲིད་བློན་ཝན་ཅཱ་པའོ་དང། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཙོ་ཝུའུ་པང་གོའོ། རྒྱལ་ཡོངས་སྲིད་ཀྱི་ཀྲུ་ཞི་ཅཱ་ཆིང་ལིན། ལི་ཁྲང་ཁྲུན། སྐབས་དེའི་སྲིད་འཛིན་གཞོན་པ་ཡིན་པའི་ཞི་ཅིང་ཕིང་དང་། སྲིད་བློན་གཞོན་པ་ལི་ཁཱ་ཆང། ཧཱ་གོའོ་ཆང། ཀྲའུ་ཡུང་ཁང་བཅས་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཡོངས་རྫོགས་གསོལ་སྟོན་ལ་མཉམ་ཞུགས་བྱས་ཡོད། གནས་ཚུལ་འདི་རིགས་ལ་བལྟས་ན་རྒྱ་ནག་གི་མདུན་དུ་འཕྲད་བཞིན་པའི་རྒྱལ་སྤྱིའི་ཆེ་མཐོང་དང་གཟུགས་བརྙན། རྒྱ་ནག་ནང་ཁུལ་གྱི་རྩོད་རྙོགས་སོགས་ཕྱོགས་ག་ནས་བལྟས་ཀྱང་ཧ་ཅང་རྣོ་ངར་ཅན་ཞིག་རེད་སྙམ།