༈ རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་སྐུ་ཞབས་ཕུན་ཚོགས་དར་རྒྱས་མཆོག་སྐུ་ཚེ་མ་ཟིན་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་གུས་བཏུད་དང་བཅས།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
ཅེས་པའི་བསྔོ་སྨོན་ཚིག་གིས་མདུན་བསུས་ཏེ་སྐུ་ཞབས་ཕུན་ཚོགས་དར་རྒྱས་མཆོག་གི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་ཞུ་རྒྱུར།
དགེ་བཤེས་ཕུན་ཚོགས་དར་རྒྱས་སམ་ཡོངས་གྲགས་སུ་ལོ་ཡག་ཅེས་ཞུ་བ་ཁོང་ནི། ཕྱི་ལོ་ ༡༩༦༤ ལོར་མལ་གྲོ་གུང་དཀར་རྫོང་ཁོངས་སྡོང་པོ་སྒང་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༦ ལོར་ལྷ་ལྡན་ལྕགས་པོ་རི་བྲག་ལྷ་ཀླུ་སྒུག་དགོན་དུ་ཆོས་ཞུགས་གནང་། ཕྱི་ལོ་ ༡༩༨༨ ཟླ་བ་ ༣ ཚེས་ ༥ ཉིན་ལྷ་སའི་བར་སྐོར་དུ་གཞི་རྒྱ་ཆེ་བའི་རྒྱ་གཞུང་ལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་རིམ་པའི་ནང་མཉམ་ཞུགས་གནང་རྐྱེན། མཐར་ཕྱི་ལོ་ ༡༩༨༨ ཟླ་བ་ ༡༠ ཚེས་ ༢༤ མཚན་མོ་རྒྱ་དམག་བརྒྱ་ལྷག་གིས་བྲག་ལྷ་ཀླུ་སྒུག་དགོན་པ་མཐའ་བསྐོར་ནས་སྐུ་ཞབས་ལོ་ཡག་ལགས་འཛིན་བཟུང་གིས་ཁྲིམས་ཆད་ལོ་ངོ་ ༣ བཟོས་ཏེ་ཐོག་མར་གསང་ཡིབ་བཙོན་ཁང་དང་། དེ་རྗེས་སྟོད་ལུང་ཁྲི་ཟམ་བཙོན་ཁང་གཉིས་སུ་ལོ་གསུམ་བཙོན་འཇུག་གིས་ཁྲིམས་བཅད་བཏང་བར་མ་ཟད། ཁོང་གི་གཅུང་པོ་སྐུ་ཞབས་རྟ་མགྲིན་ཡང་ཞི་རྒོལ་གྱི་ལས་འགུལ་ནང་ཞུགས་པས་རྒྱའི་བཙོན་དུ་ཚུད་མྱོང་ཞིང་། སྐུ་ཞབས་ལོ་ཡག་ལགས་བཙོན་གྲོལ་ཐོབ་རྗེས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་ཕྱི་ལོ་ ༡༩༩༢ ཟླ་བ་ ༧ ཚེས་ ༦ ཉིན་ལྡི་ལིར་འབྱོར། དེ་རྗེས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་དང་། གྲྭ་ཚང་དང་ཁང་ཚན་སོགས་ཀྱི་ཞུ་སྒོའི་ཕྱག་ལས། དགའ་ལྡན་ཤར་རྩེ་སློབ་གྲྭའི་དགེ་རྒན་སོགས་ཀྱི་ཞབས་ཞུ་ལྷག་བསམ་རྣམ་དག་ཐོག་ཞུས། ལོ་ཤས་གོང་ནས་ཕོ་བའི་སྐྲན་ནད་ཀྱིས་མནར་ཏེ་གཤག་བཅོས་མི་བྱ་ཐབས་མེད་ཀྱིས་གཤག་བཅོས་ཅུང་ཟད་ལམ་ལྷོངས་ལྟ་བུ་བྱུང་ཡང་། ཕྱི་ཡི་རྨ་ཁ་གསོས་ཀྱང་ནང་གི་རྨ་ཁ་དྲག་སྐྱེད་མ་བྱུང་བར་བརྟེན། ལོ་ངོ་གཉིས་ཙམ་རིང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཙོ་གྱུར་གྱིས་ཕྱི་རྒྱལ་ཁག་ཏུ་གནས་བཞུགས་རང་རིགས་ལྷག་བསམ་ཅན་དུ་མས་གཏོང་ཕོད་ཆེན་པོས་སྨན་བཅོས་འགྱུར་རོགས་མགོན་གནང་བ་ལྟར་ད་བར་སྨན་བཅོས་རིམ་པར་གནང་ཡང་དྲག་ངོ་མ་བསྟན་པར་ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༢༢ ཀྱི་དགོང་མོའི་ཕྱག་ཚོད་ ༡༠ ཙམ་ལ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པས། དམ་པ་དེ་ཉིད་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོས་མཉེས་བཞིན་རྗེས་སུ་འཛིན་པའི་ཐུགས་སྨོན་སྐྱབས་འཇུག་ཞུ་རྒྱུ་དང་། མྱ་ངན་གུས་བཏུད་ཞུ།