རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་གསུམ་དུས་གཅིག་ལ་བོད་དུ་སླེབས་པ།

ཟླ་འདི་ཕྱི་ཚེས་ ༡༦ ཉིན། རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་རླིས་ཀྲན་ཧྲུའུ་ཡིས། ཕྱི་ཚེས་ ༡༢ ནས་ ༡༥ བར་བོད་རང་སྐྱོང་ལྗོངས་ཀྱི་ཉི་ཁྲི་གྲོང་ཁྱེར་དང་། ལྷ་ས། གཞིས་རྩེ་བཅས་སུ་ལས་དོན་རྟོག་ཞིབ་བྱས་པ་དང་། དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་གཅིག་ལྕོགས་ཧང་ཀྲེང་གིས་ཚེས་ ༡༤ ནས་ ༡༥ བར་བོད་ཀྱི་ཉི་ཁྲི་ཁུལ་གྲོང་ཁྱེར་གྱི་ཁུལ་དུ་ལས་དོན་རྟོག་ཞིབ་བྱས་པའི་གནས་ཚུལ་ཞིག་འགོད་སྤེལ་བྱས་ཡོད། གནད་དོན་འདི་ལ་བསམ་བློ་ཞིབ་ཙམ་གཏོང་རྒྱུ་ཡོད་དེ། དེ་ཡང་རྒྱ་ནག་ལ་ཆ་མཚོན་ན་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ལས་ཐོག་པ་གཉིས་དུས་གཅིག་ཏུ་ས་གནས་གཅིག་ལ་ལས་དོན་རྟོག་ཞིབ་བྱེད་པར་ཆེད་སྐྱོད་བྱས་པ་དེ་ཡ་མཚན་སྐྱེ་དགོས་པ་ཞིག་དང་ཆེས་མཐོང་དཀོན་པའི་བྱ་བ་ཞིག་རང་རེད། ས་གནས་གཅིག་དང་དུས་ཚོད་གཅིག་མཚུངས་ཡིན་པ་མ་ཟད། ལས་དོན་རྟོག་ཞིབ་ཀྱི་ཁ་ཕྱོགས་དང་ངོ་བོ་ཡང་ཧ་ལམ་གཅིག་མཚུངས་ཆགས་ཡོད་པ་སྟེ། ཁྱབ་ཁོངས་དེ་གའི་གཞུང་འབྲེལ་གྱི་གསར་འགྱུར་ནང་འཁོད་པར་གཞིགས་ན། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ལས་དོན་ཐད་རྟོག་ཞིབ་བྱས་ཡོད་ཅིང་། ཐ་ན་ཕྱིར་ལོག་བྱེད་པའི་དུས་ཚོད་ཀྱང་ཚེས་ ༡༥ རུ་ཡིན་པ་དེ་གཅིག་མཚུངས་རེད།
འབྲེལ་ཡོད་གསར་འགྱུར་དབྱེ་ཞིབ་པ་ཁག་གིས་དབྱེ་ཞིབ་བྱས་ཚེ་མངོན་གསལ་དོད་པའི་གནད་དོན་གཅིག་ལས་མ་མཐོང་སྟེ། དེ་ནི་བོད་འབྲེལ་སྲིད་ཇུས་ཀྱི་ཐད་མ་ཡིན་པར་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འགལ་བ་རེད། རླིས་ཀྲན་ཧྲུའུ་ཡིས་ཧ་ལམ་ཁ་བདང་ཚད་ལ་ཞི་ཅིང་ཕིང་ཞེས་པའི་ཚིག་དེ་ཧ་ལམ་མ་ཎེ་བགྲང་བགྲང་སྐྱོར་གྱི་ཡོད་ཀྱང་། སྲིད་བློན་གཞོན་པ་ཧན་ཀྲེང་གིས་ཞི་ཅིང་ཕིང་ཞེས་པའི་ཚིག་དེ་ཐེངས་གཅིག་ལས་བརྗོད་མེད། དེ་ཡང་རྒྱུན་གཏན་གྱི་ལམ་སྲོལ་ལྟར། དུས་སྐབས་གསར་པའི་ཞི་ཅིང་ཕིང་གི་དགོངས་པ་ཞེས་པ་དེ་རེད། དེ་ནི་དམར་ཤོག་ཚོགས་པའི་སྒྲིག་ཡིག་ནང་བཀོད་ཟིན་པའི་གཏན་འབེབ་གཅིག་ཡིན་སྟབས། ངེས་པར་དུ་ཐེངས་གཅིག་བཤད་དགོས་ཀྱི་ཡོད། གཞུང་འབྲེལ་གྱིས་ཁྱབ་བསྒྲགས་བྱས་པའི་ཡིག་ཐོག་གི་གསར་འགྱུར་གཅིག་པུའི་ནང་རླིས་ཀྲན་ཧྲུའུ་ཡིས་ཞི་ཅིང་ཕིང་ཞེས་པའི་ཚིག་དེ་ཐེངས་བརྒྱད་ཙམ་ནན་བརྗོད་བྱས་ཡོད་པས་རླིས་ཀྲན་ཧྲུའུ་ཡི་བསམ་བློའི་ནང་ཞི་ཅིང་ཕིང་ལ་ཆེ་མཐོ་ཇི་ཙམ་ཡོད་པ་མཐོང་ཐུབ། རླིས་ཀྲན་ཧྲུའུ་ནི་རྩོད་མེད་ཡོངས་གྲངས་ཀྱི་ཞི་ཅིང་ཕིང་གི་བློས་ཐུབ་གྲོགས་པོ་དང་། ས་གནས་གང་དུ་སླེབས་ཀྱང་དེ་གར་ཞི་ཅིང་ཕིང་ལ་ངོ་བསྟོད་བྱ་རྒྱུ་དེ་ལས་འགན་གལ་ཆེ་ཤོས་ལྟ་བུ་ཆགས་ཡོད། མ་ཟད་འདི་ལོའི་ལོ་མཇུག་ཏུ་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ཉི་ཤུ་པ་སྐོང་འཚོགས་བྱ་རྒྱུ་ཡིན་པ་དང་། ཞི་ཅིང་ཕིང་མུ་མཐུད་ནས་ལས་རྒྱུན་འཛིན་རྒྱུ་བདེ་བླག་ཡོང་ཆེད་ཕྱོགས་གང་ས་ནས་གྲ་བསྒྲིགས་བྱེད་མུས་རེད།
དཔྱད་ཞིབ་པ་འགའ་རེས་རླིས་ཀྲན་ཧྲུའུ་ཉིང་ཁྲིར་འགྲོ་དོན་ནི་ཧང་ཀྲན་ལ་གོ་བརྡ་སྤྲོད་རྒྱུའམ་གནོད་ཤུགས་སྤྲོད་རྒྱུའི་ཆེད་དུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། སྲིད་བློན་གཞོན་པ་ཧང་ཀྲང་ནི་ཞི་ཅིང་ཕིང་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་པ་དང། དེ་ཡང་འདི་ལོའི་ལོ་འགོར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧའེ་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེན་སོང་བ་དེ་ནི་ཧྲང་ཧའེ་དམར་ཤོག་དྲུང་ཆེ་ལི་ཆང་གི་ལས་འཛོལ་ཡིན་སྟབས་ལི་ཆང་ངེས་པར་དུ་གནས་དབྱུག་གཏོང་དགོས་པའི་ནན་བརྗོད་བྱས་ཡོད། ལི་ཆང་ནི་ཞི་ཅིང་ཕིང་དེ་སྔ་ཧྲང་ཧའེ་དམར་ཤོག་དྲུང་ཆེ་བྱེད་སྐབས་ཀྱི་ལས་རོགས་ཡིན་ཞིང༌དང་། ལོ་ཟླ་རིམ་སོང་གི་ཐོག་ནས་ཞི་ཅིང་ཕིང་གི་བློས་ཐུབ་གྲོགས་པོར་འགྱུར་། འདས་པའི་མི་ལོ་བཅུ་ལ་ཉེ་བའི་རིང་ཞི་ཅིང་ཕིང་གིས་ལི་ཆང་གོམས་པ་རིམ་བགྲོད་ཀྱི་ཐོག་ནས་མ་འོངས་པའི་རྒྱུད་འཛིན་མི་སྣར་གསོ་སྐྱོང་བྱས་པ་རེད་ཅེས་བརྗོད་ཀྱི་ཡོད།གནས་ཚུལ་འདི་དག་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འགལ་བ་ཕྱིར་མངོན་པ་ཙམ་ལས་ལས་ཐོག་འགོ་ཁྲིད་གསུམ་བོད་དུ་བསྐྱོད་དགོས་པའི་གནས་ཚུལ་དང་ཐད་ཀའི་འབྲེལ་བ་མེད་པར་སྣང་།
དབུས་ཆབ་སྲིད་ཅུས་ཀྱི་ལས་ཐོག་རྒྱུན་ལས་གཉིས་དུས་གཅིག་ཏུ་ས་གནས་གཅིག་ལ་ངོ་བསྐྱོད་བྱས་པ་དེ་ནི་ཡ་མཚན་སྐྱེ་དགོས་པ་ཞིག་ཡིན་པ་མ་ཟད། ད་དུང་དུས་ཚོད་དེའི་གོང་ཙམ་གྱི་ཟླ་ ༧ ཚེས་ ༡ ནས་ཚེས་ ༤ བར་དབུས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཧུའུ་ཁྲུའུ་ཧྭ་བོད་དུ་ལས་དོན་རྟོགས་ཞིབ་བྱེད་པར་སླེབས་ཡོད་པས་གོང་གསལ་གྱི་མི་སྣ་དེ་དག་རྒྱ་ནག་གི་འགྲོ་སྟངས་ལྟར་བྱས་ན་རྒྱལ་ཁབ་རིམ་པའི་འགོ་ཁྲིད་ཤ་སྟག་ཡིན་པས། ཟླ་བ་གཅིག་གི་ནང་རྒྱལ་ཁབ་རིམ་པའི་འགོ་ཁྲིད་མི་གསུམ་ཙམ་གྱིས་ས་གནས་གཅིག་ལ་ལས་དོན་རྟོགས་བྱེད་པར་བསྐྱོད་པ་དེ་ནི་ངེས་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ལོས་ཡིན། སྲིད་བློན་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཟླ་ ༧ ཚེས་ ༡ ནས་ཚེས་ ༤ བར་ཆབ་མདོ་དང་། ནག་ཆུ། ལྷ་ས་བཅས་སུ་རྟོགས་ཞིབ་བྱས་ཡོད། ཧུའུ་ཁྲུན་ནི་དེ་སྔ་ལོ་རབས་རྒྱད་བཅུ་པ་ནས་བཟུང་བོད་ལ་ལས་ཀ་བྱས་ནས་མི་ལོ་ཉི་ཙམ་བསྡད་མྱོང་བ་དང་། བོད་སྐད་ཤེས་ཀྱི་ཡོད་པ་མ་ཟད་བོད་ཡིག་འབྲི་ཀློག་ཀྱང་ཏོག་ཙམ་ཤེས་ཀྱི་ཡོད་ཅིང། རིང་མིན་སྐོང་འཚོགས་བྱ་རྒྱུའི་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཉི་ཤུའི་ཐོག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ནང་སླེབས་རྒྱུ་ཡིན་པ་ཧ་ལམ་གཏན་འཁེལ་རེད། རང་རེ་བཙན་བྱོལ་སྤྱི་ཚོགས་ལ་ཆ་མཚོན་ནའང་ལས་ཐོག་བཀའ་བློན་གསུམ་དུས་གཅིག་ལ་གཞིས་ཆགས་གཅིག་གི་ནང་གཞུང་དོན་མཚམས་གཟིགས་སུ་བསྐྱོད་རྒྱུ་དེ་ཧ་ལམ་མཐོང་དཀོན་པོ་རེད། དེ་གར་དམིགས་བསལ་གནས་ཚུལ་མེད་ན་དེ་ལྟར་ཡོང་མི་སྲིད། དེ་ན་རྒྱ་གཞུང་གི་རྒྱལ་ཁབ་རིམ་པའི་ཆེས་མཐོའི་ལས་ཐོག་འགོ་ཁྲིད་གསུམ་དུས་གཅིག་ལ་བོད་དུ་ཡོང་དགོས་དོན་ཅི་ཞིག་ཡིན་ནམ། དེའི་ནང་གསང་གནད་ཅི་ཞིག་སྦས་སྐུམ་བྱས་ཡོད་དམ། ཀློག་པ་པོ་རྣམས་ཀྱི་གནད་དོན་འདིར་དགོངས་ཚུལ་ཅི་ཞིག་ཡོད་དམ།