སི་རི་ལན་ཁ་སྤྲང་ལ་གྱར་བ་དང་། རྒྱ་ནག་གི་འབའ་ཁུག་སྟོང་པ་ཆགས་པ།

ཉེ་ལམ་སི་རི་ལན་ཁའི་ནང་མི་མང་གིས་གཞུང་ལ་གྱེན་ལོག་བྱས་ཏེ་སྲིད་འཛིན་དང་སྲིད་བློན་སོགས་ཕོ་བྲང་ནས་བྲོས་བྱོལ་དུ་སོང་ཡོད། སྐབས་ཤིག་གི་རིང་སྲིད་འཛིན་གྱི་ཕོ་བྲང་ནི། སྤྱི་ཁང་ཞིག་དང་འདྲ་བར་མི་སུ་འདྲ་ཞིག་འཛུལ་ཀྱང་ཐད་ཀར་འཛུལ་ཆོག་ལ། སུ་ཞིག་དེར་ཞག་སྡོད་བྱས་ཀྱང་ཆོག་བྱས་ཆོག་ཅིང་། ད་ལྟའི་ཆར་སྲིད་འཛིན་དང་སྲིད་བློན་གཉིས་ཀ་རྩ་དགོངས་ཞུ་དགོས་བྱུང་ཡོད་པ་དང་སི་རི་ལན་ཁ་ནི་རྒྱ་གར་གྱི་ལྷོ་ཕྱོགས་རྒྱ་མཚོའི་ཁ་རུ་ཆགས་པའི་གླིང་ཕྲན་ཞིག་སྟེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ནང་གསལ་བའི་ལྷོ་ནུབ་སྲིན་འབུའི་ཡུལ་དུ་གྲགས་པ་དེ་རེད། ཡང་སྙིང་སི་རི་ལན་ཁའི་མི་མང་གིས་གྱེན་ལོག་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། དེ་ནི་སི་རི་ལི་ཁའི་གཞུང་སྲིད་ཀྱི་འཛིན་སྐྱོང་ལ་སོགས་པའི་རྒྱུ་རྐྱེན་སྣ་ཚོགས་དང་འབྲེལ་བ་དམ་ཟབ་ཞིག་ཡོད་ཀྱང་། སྲིད་དོན་དབྱེ་ཞིབ་པ་མང་པོས་འགྲེལ་བརྗོད་བྱས་པར་གཞིགས་ན། གལ་གནད་ཆེ་ཤོས་ཀྱི་རྒྱུ་རྐྱེན་ནི་རྒྱ་ནག་དང་འབྲེལ་བ་ཡོད་པ་དེ་གསལ་སྟོན་བྱས་ཡོད། དེ་ཡང་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་རྗེས། རྒྱུད་གཅིག་ལམ་གཅིག་ཟེར་བའི་དཔལ་འབྱོར་གྱི་ཐབས་བྱུས་ཤིག་ལག་བསྟར་བྱས་ཡོད་པ་དང་། ཐབ་བྱུས་དེའི་ནང་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་མང་ཆེ་བ་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཅིག་ཡིན་ལ། དེའི་ནང་ནས་ཀྱང་བུ་ལོན་དང་འཛུགས་སྐྲུན་གྱི་རྣམ་གྲངས་མང་ཤོས་ལེན་མཁན་ནི་དབུལ་ཞིང་ཕོངས་པའི་རྒྱལ་ཁབ་ཁག་ཆགས་ཡོད།
སི་རི་ལན་ཁའི་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་ཐབས་བྱུས་དེའི་ནང་མཉམ་ཞུགས་བྱས་པ་མ་ཟད། ད་དུང་རྒྱ་ནག་གི་འདོད་མོས་ལྟར་ཨ་སྒོར་དུང་ཕྱུར་མང་པོའི་བུ་ལོན་བླངས་པ་དང་། གནམ་ཐང་དང་གཞུང་ལམ་སོགས་ཚད་གཞི་མཐོ་བའི་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཉེར་འགོ་བཙུགས་ཡོད་པ་མ་ཟད། ལས་གཞི་དེ་དག་འཛུགས་སྐྲུན་བྱེད་མཁན་ལ་སོགས་ཀྱང་རྒྱ་ནག་ནས་རེད། དཔེར་ན། ད་ལྟའི་སི་རི་ལན་ཁའི་གནམ་ཐང་ལ་ཆ་མཚོན་ནས་བཤད་ནའང་གནམ་ཐང་གི་མ་དངུལ་དང་། ལག་རྩལ་གྱི་མི་སྣ། བཟོ་པ་སོགས་ཡོད་ཚད་རྒྱ་ནག་གིས་འགན་ལེན་བྱས་ཏེ་འཛུགས་སྐྲུན་བྱས་པ་ཞིག་ཆགས་ཡོད་ཅིང་། ཕྱིའི་རྒྱལ་ཁབ་མང་པོ་ཞིག་གིས་སིར་གཞུང་ལ་ཁྱེད་ཚོའི་རྒྱལ་ཁབ་ཀྱི་ད་ལྟའི་དཔལ་འབྱོར་གྱི་གནས་སྟངས་དང་རྨང་གཞིར་བལྟས་ན། ཚད་གཞི་མཐོ་བའི་འཛུགས་སྐྲུན་རྣམ་གྲངས་དེ་ལྟ་བུ་བྱས་ཚེ་རིམ་བཞིན་རྒྱལ་ཁབ་བུ་ལོན་ནང་ཐིམ་ནས་སྲིད་གཞུང་སྦོ་ལུག་ཉེན་ཡོད་ཅེས་ཉེན་བརྡ་བཏང་ཡང་ཉན་འཇོག་མ་བྱས་སྟབས། ད་ལྟའི་གནས་སྟངས་དེ་ལྟ་བུ་ཆགས་པ་རེད་ཅེས་སྲིད་དོན་དབྱེ་ཞིིབ་པས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག་པ། དཔེར་ན་ད་ལྟའི་སི་རི་ལན་ཁའི་གནམ་ཐང་དེ་གཅིག་པུའི་ཆེད་དུ་ཨ་སྒོར་དུང་ཕྱུར་གཉིས་ལྷག་ཙམ་གྱི་བུ་ལོན་བླངས་ཡོད། ཡིན་ནའང་། སིར་གཞུང་གིས་གཞི་རྒྱ་ཆེ་ལ་རྒྱས་སྤྲོད་ཆེ་བའི་གནམ་ཐང་དེའི་ཉིན་རེའི་གནམ་གྲུ་འབབ་འཕུར་བྱ་མཁན་ཧ་ཅང་ཉུང་ཞིང་འགྲོ་འོང་གི་ཚད་ཀྱང་གི་དམའ་བོ་ཡིན་པ་མ་ཟད། ཐ་ན་ཉིན་རེའི་གློག་རིན་ཡང་སྤྲོད་མ་ཐུབ་པར་གནམ་ཐང་སྒོ་རྒྱག་དགོས་བྱུང་ཡོད། ད་ཐེངས་སིར་གཞུང་སྦོ་ལུག་པའི་ཉམས་ཉེས་དེའི་ནང་གཞུང་ཕྱོགས་ནས་གསལ་བསྒྲགས་བྱས་པར་གཞིགས་ན། ཕྱིའི་རྒྱལ་ཁབ་ཁག་ལ་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་ ༥༠༠ ལྷག་ཙམ་གྱི་བུ་ལོན་ཟུག་ཡོད་པ་དང་། དེའི་ནང་རྒྱ་ཆ་ ༤༠ ཙམ་ནི་རྒྱ་ནག་དང་འབྲེལ་བ་ཡོད་པ་གསལ་སྟོན་བྱས་ཡོད། བུ་ལོན་སྤྲོད་ཡས་མེད་པ་ཆགས་སྟབས་རྒྱ་ནག་གཞུང་གིས་བུ་ལོན་གྱི་ཚབ་ཏུ་སི་རི་ལན་ཁའི་རྒྱ་མཚོའི་གྲུ་ཁ་ཆེན་པོ་ཞིག་ཡོད་པ་དེ་བདག་བཟུང་བྱེད་བཞིན་ཡོད་པ་དང་། གྲུ་ཁ་དེ་ནི་རྒྱ་གར་དང་བར་ཐག་ཧ་ཅང་གི་ཉེ་པོ་ཡོད་སྟབས། རྒྱ་ནག་གཞུང་གིས་གྲུ་ཁ་དེའི་ཐོག་དམག་དོན་གྱི་རྟེན་གཞི་གསར་འཛུགས་བྱས་ཏེ་རྒྱ་གར་གྱི་བདེ་འཇགས་ལའང་ཉེན་ཁ་བཟོ་སྲིད་པར་ངོས་འཛིན་དང་འབྲེལ་བརྗོད་བྱེད་ཀྱི་ཡོད།
དེ་དང་ཕྱོགས་མཚུངས་རྒྱུད་ཅིག་ལམ་ཅིག་ཟེར་བའི་ཐབས་བྱུས་དེ་རྒྱ་ནག་གཞུང་གིས་འབའ་ཁུག་དཀྲོག་ནས་རྒྱལ་ཁབ་ཆུང་ཆུང་མང་པོ་ཞིག་བསླུ་བྲིད་བྱ་རྒྱུའི་ཐབས་བྱུས་ཤིག་ཡིན་ན་ཡང་། ད་ལྟའི་གནས་སྟངས་ལ་བལྟས་ན་ཐབས་བྱུས་དེས་རྒྱ་ནག་རང་ཉིད་ལའང་གྱོང་ཆེན་པོ་ཞིག་བཟོས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་ཐབས་བྱུས་དེའི་ནང་རྒྱ་ནག་གཞུང་གིས་སི་རི་ལན་ཁ་ལྟ་བུའི་རྒྱལ་ཁབ་མང་པོ་ཞིག་གི་ནང་ཨ་སྒོར་ཐེར་འབུམ་མང་པོའི་བུ་ལོན་བཏང་ཡོད་ཀྱང་། རྒྱལ་ཁབ་དེ་ཚོ་མང་ཆེ་བ་ནི་སྲིད་དབང་སྒེར་གཅོད་པ་ཡིན་སྟབས། དངུལ་ལོར་འབོར་ཆེན་ཞིག་ལྐོག་ཟ་བྱས་ཏེ་རྒྱ་མཚོའི་ནང་རྡོ་གཡུག་པ་ལྟ་བུར་འགྱུར་བ་དང་། འགའ་ཞིག་སི་རི་ལན་ཁའི་གནམ་ཐང་ལྟ་བུའི་ཐལ་ཆ་ཆེ་བའི་འཛུགས་སྐྲུན་རྣམ་གྲངས་ནང་ཚུད་ནས་བེད་མེད་ཆགས་པ་རེད། གནས་སྟངས་དེ་འདྲའི་འོག་རྒྱ་ནག་གཞུང་གིས་བཏང་ཟིན་པའི་ཨ་སྒོར་ཐེར་འབུམ་མང་པོའི་བུ་ལོན་དེ་དག་ལེན་མ་ཐུབ་པར་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བཟོས་ཡོད་པར་ངོས་འཛིན་བྱེད་མཁན་ཡང་ཡོད། དེ་ནིི་གནས་ལུགས་ཧ་ཅང་སྟབས་བདེ་ཞིག་སྟེ། མི་གཅིག་གིས་མི་གཞན་ཞིག་ལ་བུ་ལོན་བཏང་ཡོད་ཀྱང་། བུ་ལོན་ལེན་མཁན་ཚང་མ་ཕྱུག་པོ་ཆགས་པའི་ངེས་པ་མེད་པ་དང་། ལམ་འགྲོ་མ་རྒྱུག་ན་རྐུབ་རྡིབ་ནས་སྤྲང་རྐྱང་ཆགས་ཀྱི་ཡོད་སྟབས། བུ་ལོན་གཏོང་མཁན་གྱི་ངོས་ནས་བཤད་ན་དེ་ནི་ཆག་སྒོ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།
རྒྱལ་སྤྱིའི་འབྲེལ་ཡོད་ཚན་པས་གསལ་སྟོན་བྱས་པར་གཞིགས་ན། དེང་སྐབས་འཛམ་གླིང་ཐོག་སི་རི་ལན་ཁ་ལྟ་བུའི་བུ་ལོན་གྱི་འདམ་རྙོགས་ནང་ཚུད་པའི་རྒྱལ་ཁབ་བཅུ་ཡི་མིང་གཞུང་བཏོན་ཡོད་པ་སྟེ།་པ་ཀི་སི་ཐན། ཨབ་ཧྤ་གྷ་ནི་སི་ཐན། ཨར་ཅིན་ཀྲི་ན། ཨེ་ཇིབ། འབར་མ། ལའོ། ཁྲར་ཀི། ཛིམ་པ་པུ། ལི་པཱ་ནོན་བཅས་རེད། རྒྱལ་ཁབ་དེ་དག་གི་ཉེ་བའི་ལོ་ཤས་རིང་གི་དཔལ་འབྱོར་ཐད་ཀྱི་སྲིད་ཇུས་སོགས་ལ་དབྱེ་ཞིབ་བྱེད་སྐབས་ཚང་མར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་དེ་ནི། རྒྱལ་ཁབ་དེ་དག་ཚང་མ་རྒྱ་ནག་གི་རྒྱུད་ཅིག་ལམ་ཅིག་གི་ནང་མཉམ་ཞུགས་བྱས་པ་ཤ་སྟག་ཆགས་ཡོད་པ་དེ་རེད་འདུག །