༄༅། །རིགས་ལ་ཕུལ་བའི་སྙིང་ཁྲག་དྲོན་མོ། ༄༅། །རིགས་ལ་ཕུལ་བའི་སྙིང་ཁྲག་དྲོན་མོ། བླ་བྲང་ཨ་ཁུ་འཇིགས་མེད་ལགས་ཀྱི་བླ་ན་མེད་པའི་སྙིང་སྟོབས་རྗེས་སུ་དྲན་པ། བཙན་བྱོལ་བ་འཇམ་དབྱངས་སྦྱིན་པ། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།། དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བུ་རྣམས།། གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།། ཅེས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་བསྔོ་སྨོན་རྣམ་པར་དག་པས་མདུན་བསུས་ཏེ། ད་ལན་ཁོ་བོས་གླེང་བར་བྱ་བ་ནི་ངེས་དོན་གྱི་མི་རིགས་འདིའི་དཔའ་བོ་བླ་བྲང་ཨ་ཁུ་འཇིགས་མེད་ལགས་(ཡོངས་གྲགས་སུ་འཇིཌ་མེད་མགོ་རིལ་ཞུ།) ཡིན། དམ་པ་ཁོང་དུས་ཆེན་ཁྱད་པར་ཅན་ཧོར་ཟླ་༦ པའི་ཚེས་ ༤ དང་། ཕྱི་ལོ་ ༢༠༢༢ ཟླ་ ༧ པའི་ཚེས་ ༢ རེས་གཟའ་སྤེན་པའི་ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་༡༢ དང་སྐར་མ་༡༥ཙམ་གྱི་སྟེང་ཁོང་གི་ཕ་ཡུལ་ཕུག་སྡེ་ནས་སྐུ་གཤེགས་འདུག ཕུག་སྡེ་ནི་བླ་བྲང་དགོན་པའི་ལྷ་སྡེ་ཡིན་ཞིང་དགོན་པ་ནས་མར་གཙོད་ཕྱོགས་སུ་ཕྱིན་ཚེ་རླངས་འཁོར་ནང་སྐར་མ་འགའི་སར་གནས་ཡོད། འོ་ན། བླ་བྲང་འཇིགས་མེད་ཞུ་བ་ཁོང་སུ་རེད། ཁོང་གིས་ལས་ཀ་ག་རེ་བྱས་པ་རེད། ཅིའི་ཕྱིར་སྐུ་གཤེགས་པ་རེད་དམ། འདི་དག་ནི་ང་ཚོས་ཤེས་རྟོགས་བྱ་དགོས་པའི་དྲི་བ་རྐྱང་རེད། དམ་པ་ཁོང་ནི་ཕྱི་ལོ་༡༩༦༦ ལོར་སྐུ་འཁྲུངས་ཤིང་ཆུང་དུས་ནས་བླ་བྲང་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཞུགས་གནང་འདུག ཁོང་གི་ཕ་དམ་པ་དེ་ནི་བླ་བྲང་གི་ལྷ་སྡེ་ཁག་གི་རྒད་པོ་རྒོད་པོ་ཚོའི་ནང་གི་གཅིག་ཡིན་ཞིང་། གཏམ་ཁ་ལྕེ་ས་ནས་སྐད་གྲགས་ཡོད་པའི་མི་འཇོན་པོ་སྤྱི་སེམས་ཅན་ཞིག་ཡིན་པ་རེད། ཨ་ཁུ་འཇིགས་མེད་ལགས་ཀྱང་ཁོང་གི་ཕ་དང་འདྲ་བར་ཆུང་ངུའི་དུས་ནས་གཏམ་ཁ་ལྕེ་ཅན་གྱི་མི་འཇོན་པོ་ཞིག་ཡོད་པས། དགུ་བཅུ་གོ་གྲངས་ནང་༸གུང་ཐང་ཁྲི་ཆེན་དྲུག་པ་ཆེན་པོས་མི་མང་འབུམ་ཕྲག་ལ་བསང་གཞུང་དུ་དུས་འཁོར་དབང་ཆེན་གནང་སྐབས་གཙོ་འགན་ཁུར་ཡོད་པ་དང་། དེ་དུས་བླ་བྲང་དགོན་པའི་དོ་དམ་ཁང་གི་འགན་འཛིན་གཞོན་པའང་གནང་མུས་ཡིན་འདུག ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དུ་ཕེབས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་གཟིམ་ཆུང་མཇལ་ཁ་ཞུས་པའི་ སྐོར་སོགས་བདག་གིས་གོ་ཐོས་ཙམ་ཡོད་ཀྱང་དམིགས་བསལ་རྒྱུས་མངའ་གང་ཡང་མེད། ཁོང་ནི་ངའི་ཨ་ཁུས་(ཤག་གི་རྒན།) ངོ་ཤེས་ཤིང་། ལྷག་དོན་ཨ་ཁུ་དངུལ་རྭ་འཇིགས་མེད་སོགས་ཀྱི་ངོ་ཤེས་རྙིང་བ་ཡིན་སྟབས་མཚམས་དང་མཚམས་སུ་དེ་གར་ཕེབས་ཡོང་བ་དང་། ཁོང་ཚོས་མཉམ་དུ་རྩེད་མཚར་དང་སྦྲགས་ནས་ར་སྐོར་ནང་གཏམ་གླེང་བྱེད་སྐབས་ང་ཚོ་གཞོན་པ་ཚོས་གདོང་བ་འཛུམ་གྱིས་ཁེངས་ནས་སྤྲོ་སྣང་གི་ཉམས་དང་བཅས་སྣང་བ་ཁོང་ཚོའི་ཕྱོགས་སུ་གཏོད་ཀྱི་ཡོད། དེ་ཡང་རྩེད་འཚར་དེ་ལས་སྣང་བ་སྐྱིད་པོ་དང་ཁ་ཞེ་གཉིས་མེད་ཀྱི་གྲྭ་བའི་བཅོས་མིན་གྱི་གཤིས་ཀ་ཞིག་ཚུར་སྣང་བྱེད་ཀྱི་ཡོད་པས་ཡིན་སྲིད་ལ། ཡང་གཅིག་བྱས་ན་ཨ་ཁུ་འཇིགས་མེད་ལགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་ཙམ་མ་ཟད། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་ལ་བཀའ་སློབ་དམིགས་བསལ་བ་གན་དང་འདི་གནང་ཡོད་པ་རེད་ཟེར་བ་སོགས་སྣ་ཚོགས་ཤིག་གོ་ཐོས་བྱུང་བས་ཁོང་ལ་སེམས་ནང་གདེང་འཇོག་དང་ཡ་མཚན་འདྲེས་མའི་སྣང་བ་ཞིག་ལྷག་ཡོད་པས་ཀྱང་ཡིན་སྲིད། ཨ་ཁུ་འཇིགས་མེད་དང་ངེད་གཉིས་བར་གྱི་ལོ་ཚད་ཀྱི་ཧེ་བག་དེས་གནས་ཚུལ་དེ་རིགས་དྲི་རྟགས་ཤིག་གི་ཚུལ་དུ་སེམས་ངོར་ཉར་ནས་སྡོད་པ་ལས་ཐད་ཀར་འདྲི་བའི་གོ་སྐབས་མེད། དེ་དུས་ངས་ཁོང་ངོ་ཤེས་ཀྱི་ཡོད་པ་ཙམ་ལས་ཁོང་གིས་ང་ངོ་མི་ཤེས། ཕྱི་ལོ་༢༠༠༨ ཟླ་ ༣ པའི་ཚེས་༡༨ ཉིན་ས་བྱི་ཞི་རྒོལ་ཆེན་མོའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་ཐད་ཀར་འགྲེལ་བརྗོད་གནང་བ་དངོས་སུ་གོ་ཐོས་བྱུང་བས་སེམས་ཐག་ཉེ་བའི་ཚོར་བ་ཞིག་ངང་གིས་བསྐྲུན། ཉིན་ཤས་རྗེས་ཏེ་ཟླ་དེའི་ཚེས་༢༢ ཉིན་ཁོང་འཛིན་བཟུང་བྱས་ནས་གར་སོང་མ་ཤེས་ཀྱང་སྐབས་དེར་མཚོན་ན་དེ་ནི་གནས་ཚུལ་ཆེན་པོ་གང་ཡང་མ་རེད། རྒྱུ་མཚན་ནི་ཞི་རྒོལ་ཆེན་མོའི་རྗེས་སུ་ཉིན་རྟག་པར་དགོན་པོའི་ནང་དམག་མི་འཛུལ་ཡོང་སྟེ་མཚན་དཀྱིལ་ཡོལ་ཙམ་ལ་ཁོ་བ་ཚོར་དོགས་གནས་ཡོད་པའི་གྲྭ་ཤག་དག་གི་ནང་མཆོངས་ཏེ་དགེ་འདུན་པ་འཛིན་བཟུང་བྱེད་ཀྱི་ཡོད། རྗེས་སུ་ཨ་ཁུ་འཇིགས་མེད་ལ་བཙོན་ཁང་ནང་རྡུང་རྡེག་གཏོང་རྒྱུ་མང་དྲགས་ཏེ་ཐེངས་འགར་དྲན་མེད་དུ་བརྒྱལ་བ་སོགས་ཀྱི་དབང་གིས་ཁོ་བ་ཚོའི་ལག་ནས་ཚེ་སྲོག་ཤོར་བར་འཇིགས་སྣང་གིས་ཁོང་གི་ནང་མི་ལག་ཏུ་གཏད། སྐབས་ཐོག་དེར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཛིན་གྲྭ་མི་ཉུང་བས་སྐུ་ཚབ་ཆེད་གཏོང་གིས་ཁོང་ལ་བསྙུང་འདྲི་དང་འབྲེལ་ནས་རྒྱབ་སྐྱོར་གྱི་རྣམ་པ་ཚད་མཐོན་པོ་བསྟན་ཡོད་ཅིང་། མང་བོ་ཞིག་གིས་ཁོང་དྲགས་བསྐྱེད་འབྱུང་དཀའ་བའི་སྐོར་གླེང་སློང་བྱས། ཕྱི་ལོ་ ༢༠༠༨ ཟླ་བདུན་པའི་ནང་ཕྲན་རི་ལ་བྲོས་ཡོད་པའི་སྐབས་ཤིག་ལས་དབང་གིས་གོ་སྒྲིག་ཡིན་ནམ་བསང་གཞུང་གཡང་གི་རྭ་བ་ནས་ཨ་ཁུ་འཇིགས་མེད་ལ་འཁྱུག་ཙམ་རིང་ངོ་ཐུག་པའི་གོ་སྐབས་བྱུང་། སྐབས་དེར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་བདེ་ཐང་མིན་ཡང་ངའི་ཐག་ཉེར་ཡོང་སྟེ་འཚམས་འདྲི་གནང་བྱུང། དེ་དུས་ཁོང་གིས་ང་གསར་འགོད་པའི་མདུན་ནས་ཡར་ལངས་སྣེ་ཁྲིད་བྱེད་མཁན་ཡིན་པ་དང་ངའི་མིང་ཡང་ཤེས་འདུག མཇུག་ཏུ་བསྔགས་བརྗོད་དང་འབྲེལ་ཁྱེད་ཀྱི་མགོ་ཐོག་ལ་ད་དུང་ག་རེ་ཡིན་ཡང་ཡོང་སྲིད་པ་རེད། འོན་ཀྱང་། སྐྲག་དགོས་པ་མ་རེད། གཙོ་བོ་སེམས་ཤུགས་ནམ་ཡང་མ་ཆག་ཨ་ཞེས་གསུངས་བྱུང་། ངེད་གཉིས་ཁ་བྲལ་ནས་བར་ཐག་ཅུང་ཕྱེས་པའི་སྐབས་སུའང་སེམས་ཤུགས་གཏན་ནས་མ་ཆག་ཨ་ཞེས་པའི་སྐད་ཆ་དེ་བསྐྱར་ཟློས་ཀྱིས་ངའི་རྗེས་སུ་ཤུགས་ཀྱིས་གསུང་གིན་འདུག སྐབས་དེའི་བརྗོད་བབ་ཀྱི་ངར་ཤུགས་དང་སྐུལ་མའི་རྣམ་འགྱུར་དེ་ནི་ཁོང་གིས་ང་ལ་སྙིང་ཕུར་བརྡབ་པ་ཞིག་ཡིན་ཡང་། དེ་དུས་ངའི་ངོས་ནས་ཁོང་གི་གཡོ་ཟོལ་བྲལ་བའི་དྲང་ཚུགས་དང་མི་རིགས་ལ་བཅངས་པའི་ལར་ཞེན་དེ་མཐོང་སོང་། གང་ལྟར་དེ་ནི་ངེད་གཉིས་བར་གྱི་འཇིག་རྟེན་འདིའི་ཐོག་གི་སྐད་ཆ་ཐོག་མ་དང་མཐའ་མ་དེ་ཡང་ཡིན། ཁོང་ནི་སྐད་ཆ་བཤད་ན་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལྟ་ཐུབ་པ། གནད་དོན་མགོ་ཚོས་པོ། ཁ་རུ་ཁ་ཐུག་གི་རྣམ་པ་ཅུང་ཤུགས་ཆེ་ཤིང་ཕ་རོལ་བས་བདེན་པ་མིན་པའི་གནས་ཚུལ་ཞིག་བཤད་ཚེ། དེ་མ་ཐག་གསུང་ཤུགས་ཆེན་པོས་ཁ་གཏད་བཅག་སྟེ་ཚད་གཅོད་མཁན་ཞིག་ཡིན་པའི་ཚོར་སྣང་བྱུང་། དེར་བརྟེན། ངས་ཨ་ཁུ་འཇིགས་མེད་ཀྱི་སྟེང་ན་༸པཎ་ཆེན་སྐུ་གོང་མའི་ཐུགས་གཤིས་དང་ཆ་འདྲ་ས་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། ཟླ་གཅིག་ལྷག་གི་རྗེས་སུ་སྐར་ཉེར་གཉིས་ཅན་གྱི་ཁོང་གི་གསུང་བཤད་གྲགས་ཅན་དེ་ཨ་རིའི་རླུང་འཕྲིན་ཁང་ལ་བསྐུར་ཐུབ་ཡོད་འདུག ལས་འདི་ལས་ཁོང་ནི་ཁ་ཏན་ཚིག་ལ་གནས་པའི་སྐྱེས་བུ་ཞིག་དང་། བོད་མི་རིགས་ཀྱི་ཆེད་དུ་ཅི་ཡང་བློས་གཏོང་ཐུབ་པའི་དཔའ་བོ་འགྲན་ཟླ་བྲལ་བ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། དེའི་རྒྱུ་མཚན་ཡང་བཙོན་ཁང་ནང་ཁོང་གིས་དམག་མིའི་གདོང་ལ་བལྟས་ནས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད། “ང་ངོ་མ་བསད་བཞག་ཚེ་དེ་ག་རེད། དེ་མིན་ང་ཕྱིར་སོང་ནས་སྐད་ཆ་ཞིག་བཤད་ཐུབ་ཚེ། ང་རང་དང་ངའི་གྲོགས་པོ་དག་གི་མགོ་ཐོག་ལ་ཡོང་བ་ཚང་མ་ངས་འཛམ་གླིང་མི་མང་ལ་བཤད་དེ་བདེན་དཔང་བྱེད་ཀྱི་ཡིན། ངས་རང་གི་མི་མང་དང་གསར་འགྱུར་བརྒྱུད་ལམ་ལ་བདེན་དཔང་བྱེད་ཀྱི་ཡིན།” ཅེས་དམ་བཅས་ཤིང་། དེ་ལྟར་ཁས་བླངས་པ་ལྟར་ལག་བསྟར་གནང་བ་རེད། ཡང་ཁོང་གི་མགོར་དམག་མི་ལོ་ཆུང་ཞིག་གིས་མེ་མདའ་གཏད་དེ། “མེ་མདའ་འདི་ཁྱེད་ཚོ་བོད་དང་ཨ་ལཱོས་ སྟེང་ཆེད་དུ་བཟོས་པ་རེད། གལ་སྲིད་ཁྱེད་རང་ཡག་པོ་བྱས་ནས་མ་བསྡད་ན་ངས་‘པཱོག’་ཅེས་བརྒྱབ་སྟེ་གད་སྙིགས་ནང་གཡུགས་བཞག་ཚེ་མི་གཅིག་གིས་ཀྱང་ཤེས་ཀྱི་མ་རེད། ཧ་གོ་གི་མ་རེད།” ཅེས་བཤད་སྐབས་ཁོང་ལ་མེ་མདའ་གཏད་ནས་མ་སྐྲག་ཀྱང་། སྐད་ཆ་དེ་ཐོས་པས་ཁོང་གི་སྙིང་དུམ་བུར་བཏུབ་པ་ལྟ་བུའི་ན་ཟུག་དྲག་པོ་ལྡང་ཚུལ་གསུངས་ཡོད། སྐབས་དེར་ཁོང་གིས་མྱོང་བཞིན་པའི་ན་ཟུག་དེ་ནི་མི་སྒེར་ཞིག་གི་ན་ཟུག་མ་ཡིན་པར་མི་རིགས་ཤིག་གི་ན་ཟུག་ཡིན་སྟབས་དེ་ནི་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཀྱང་རེད། དེའི་ཕྱིར། ཨ་ཁུ་འཇིགས་མེད་ཀྱིས་གོ་སྐབས་ནམ་ཤར་ལ་མི་རིགས་འདིའི་སླད་དུ་སྨྲེ་ངག་གམ་ཆོ་ངེ་དྲག་པོ་ཞིག་གདོན་རྒྱུ་ཡིན་པ་ནི་གདོན་མི་ཟ་བ་ཞིག་གོ། ནམ་ཡང་འཛད་དུ་མེད་པའི་བདེན་དོན་འཐབ་རྩོད་ཀྱི་བླ་མེད་སྙིང་སྟོབས་ཤིག་ཁོང་གི་ཁྲག་རྒྱུན་དྲོན་མོ་རུ་རྒྱུ་བཞིན་ཡོད་པས། ཁོང་རང་ཉིད་ཀྱིས་ཨ་མར་བྲིས་པའི་འཕྲིན་གྱི་ནང་དུའང་། “ཨ་མ་ལགས། བོད་ཁ་བ་ཅན་ན་ཁྱོད་ལྟ་བུའི་མ་ཞིག་དང་ང་ལྟ་བུའི་བུ་ཞིག་ཡོད་པ་ཡིན་ན། བོད་རང་བཙན་ལེན་དགོས་ཀྱང་དེ་འདྲའི་དཀའ་མོ་ཞིག་མ་རེད་ཅེས་བཤད་པ་ཡིན།” ཞེས་པའི་སྐད་ཆ་འདི་རིགས་བྱུང་བ་མ་ཡིན་ནམ། དེ་ཡང་རང་ཉིད་ཀྱི་གནས་སྟངས་ལ་ཁག་དཀྲི་དང་གང་ཞིག་སླེབས་པར་ངང་སྒུག་བྱེད་པ་ལྟ་བུ་མིན་པར། རྒྱ་དམར་ཉེན་རྟོག་པ་དང་གསང་བའི་ལས་ཁུངས། ལས་དོན་རུ་ཁག་བཅས་ཀྱི་ལྟ་སྲུང་དང་། ད་དུང་དམིགས་བསལ་ལྟ་རྟོག་བྱེད་པའི་མི་སྣ་ཆེད་འཛུགས་བྱས་མིན་ལ་མ་ལྟོས་པར། “སྙིང་སྟོབས་དང་ཆོད་སེམས། རིགས་ཞེན་དང་ལ་རྒྱ། རེ་བ་དང་གསོན་ཤུགས་སོགས ”་ཀྱིས་བརྟས་ཡོད་པའི་ཨ་ཁུ་འཇིགས་མེད་ལགས་རི་དྭགས་རྙི་ལས་ཤོར་བ་ལྟར་ཐར་ཏེ། ༸རྒྱལ་བ་རིན་པོ་ཆེ་དང་བོད་མི་དམངས་བར་གྱི་ཁ་འབྲལ་དུ་མེད་པའི་འབྲེལ་བ་ནས་དབུ་འཛུགས་གནང་ཞིང་། རང་གི་ལུས་སེམས་གཉིས་ཀྱིས་སྡུག་སྦྱོང་མནར་གཅོད་ཅི་མྱངས་སྐོར་སོགས་ཆུ་རྒྱུགས་རྒྱུགས་དང་ཉི་མ་ཤར་ཤར་གྱི་ཚུལ་དུ་གཏམ་བཤད་གནང་ཙ་ན། རྒྱ་གཞུང་གིས་འཛམ་གླིང་སྟེང་བོད་ཀྱི་བདེན་པའི་གནད་དོན་ཐད་ངལ་བ་སྟོང་ཕྲག་དང་རྫུན་གཏམ་ཁྲི་ཕྲག་གིས་གབ་ཅིང་བསྒྲིབས་པའི་བཅོས་མའི་ཡོལ་བ་དེ་ཡང་། འཇིགས་པ་མེད་པའི་གངས་སེང་དཀར་མོས་བདེན་པའི་གད་རྒྱངས་སྒྲོག་ཐེངས་གཅིག་གིས་དེ་མ་ཉིད་དུ་ཚལ་བའི་རྡུལ་དུ་བརླགས་སོང་སྙམ་པའི་ཚོར་བ་ཞིག་ཀྱང་ང་ཚོའི་སེམས་ངོར་ངང་གིས་སྟེར། མདོར་ན། ཁོང་གི་གསུང་བཤད་ཀྱི་བརྙན་དེ་ནི་དུས་ཐོག་ཆར་བ་ཞིག་གི་ཚུལ་དུ་ཕྱི་ཕྱོགས་སུ་ཐོན་པ་དང་། ནང་དོན་གྱི་ཆ་ནས་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་དང་ཧ་ཅང་མཐུན་པའི་གསུང་བཤད་ཅིག་ཡིན་སྟབས། བརྙན་དེ་ནི་ཐེངས་འགར་བལྟས་ཀྱང་ད་དུང་ལྟ་སྙིང་འདོད་པ་ཞིག་རེད་ཅེས་མི་མང་བོས་བཤད་ཀྱིན་ཡོད། ཨ་ཁུ་འཇིགས་མེད་ལ་མཚོན་ན་རྒྱ་གཞུང་གིས་ཐེངས་བཞིར་བཙོན་འཇུག་བཀག་ཉར་བྱས་ཡོད་ལ། བཙོན་འཇུག་མཐའ་མ་དེ་ནི་ཕྱི་ལོ་ ༢༠༡༡ ཟླ་ ༨ པའི་ཚེས་ ༢༠ ནས། ༢༠༡༦ ཟླ་ ༡༠ ཚེས་ ༢༦ ཉིན་བར་ལོ་ལྔའི་ཁྲིམས་ཆད་བཅད། ཁྲིམས་ཆད་ཀྱི་ལོ་གསུམ་པར་ཨ་མར་སྙིང་ནད་ཕོག་ཅིང་ཕྱིས་སུ་དེ་ལ་བརྟེན་ནས་འདས་གྲོངས་སུ་གྱུར་ཡོད། ཁྲིམས་ཆད་ཚང་རྗེས་གྲོད་བཀྲོལ་བཏང་ཡང་ཁོང་ལ་གྲྭ་དམངས་དང་མང་ཚོགས་ཀྱིས་དགའ་མོས་ཆེན་པོ་ཞུ་གི་ཡོད་སྟབས། མི་མང་བོ་ཁོང་བསུ་བར་ཡོང་དོགས་ནས་རྒྱ་གཞུང་གིས་གསང་སྟབས་ཀྱིས་མཚན་མོ་ཞིག་ལ་མ་གཏོགས་གློད་མི་འདུག ད་དུང་ས་གནས་གཞན་དུ་འགྲོ་མི་ཆོག་པ་དང་དགོན་པར་འཛུལ་ཞུགས་མི་ཆོག་པ་ཙམ་དུ་མ་ཟད། དགེ་འདུན་པ་ཞིག་ལ་ཡོད་ཆོག་ཆོག་གི་མ་མཐའི་ཐོབ་ཐང་གཟན་ཤམ་ཙམ་ཡང་གྱོན་མ་བཅུག་པར་ལྟ་རྟོག་དང་དམ་དྲག་ཧ་ཅང་ནན་པོའི་འོག་རྒྱུན་མར་གནས་དགོས་པ་བྱུང་ཡོད། ཁོང་ལ་བཙོན་ཁང་ནང་མིའི་བློ་ཡུལ་ལས་འགོངས་པའི་བཅར་རྡུང་སྐོར་གསུམ་མི་བཟད་པ་བྱས་ཡོད་པས། ན་ཚ་འདྲ་མིན་ཕོག་པ་དང་དེ་དག་ལས་འགའ་རེའི་ནད་རྟགས་ཀྱང་སྐབས་དེར་ཐོན་ཡོད་པ་དཔེར་ན། ཟ་ཁུ་གཅིན་སྙི་དང་ཁྲག་ཤེད་མཐོང་བ། མིག་ནང་ཁྲག་བབས་ཏེ་མི་གསལ་བ་དང། དྲན་ཤེས་ཉམས་པ་སོགས་ཡོད་ཀྱང་དེ་དག་ལ་སྨན་བཅོས་དུས་ཐོག་བྱེད་མ་ཐུབ་པར་ལྷག་ཡོད། དེར་བརྟེན། ད་ལོའི་ཕྱི་ཟླ་བཞི་བའི་ནང་ཟི་ལིང་སྨན་ཁང་དུ་ཕྱིན་ཡོད་པ་དང་། རྒྱ་སྨན་དང་བོད་སྨན་གང་མང་བསྟེན་ཡང་། སྨན་ཁང་གིས་གཙོ་བོ་མཆིན་པ་འཕྲོ་བརླག་ཏུ་སོང་ཡོད་པས་བཅོས་ཐབས་མེད་ཚུལ་སྐོར་བཤད་དེ། མཐར་དྲག་བསྐྱེད་མ་བྱུང་བར་དགུང་ལོ་ང་དྲུག་སྟེང་སྐུ་ཚེ་མ་ཟིན་པའི་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་འདི་བྱུང་བ་རེད། དེང་སྐབས་བོད་ནང་བཀག་སྡོམ་དང་དམ་དྲག་ཧ་ཅང་ཆེ་བས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཤིན་ཏུ་དཀའ་ཡང་། ཁ་སང་ཟླ་༧ པའི་ཚེས་༧ གྱི་ཞོགས་པ་ཁོང་གི་གདུང་སྐྱེལ་སྐབས་སུའང་དམག་མིས་སྐུ་ཕུང་བསྐོར་ཏེ་ཡར་དུར་ཁྲོད་བར་འགྲོ་བ་དང་། དེ་ནས་ནང་མི་རྣམས་ཕྱིར་ནང་ལ་ལོག་པའི་བར་དམ་དྲག་དང་སུན་གཙེར་བྱས་ཡོད་འདུག འདི་ཡང་མི་སེམས་མེད་པའི་བྱ་སྤྱོད་ཆེས་ཐ་ཤད་ཅིག་སྟེ། རང་རེ་བོད་ཀྱི་གཏམ་དཔེར་སྒྱེལ་ཐོག་རྡོག་རྫིས་སམ་མིག་སྐྲངས་ཁུ་ཚུར་ཟེར་བ་ལས་མ་འདས་སོ།། མཇུག་ཏུ་བཤད་འདོད་པ་ནི་ང་ཚོ་གཞིས་ཀྱི་སྐུ་ཚབ་ཡིན་པའི་ཆ་ནས་གངས་ཅན་པར་བྱས་པ་ཆེ་ཞིང་། མི་རིགས་འདིའི་སླད་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་གནང་བའི་གཞིས་ཀྱི་རླབས་ཆེན་སྐྱེས་བུ་དག་ངོས་ཟིན་དགོས་པ་ཧ་ཅང་གལ་ཆེ། འདི་ནི་རྗེས་དྲན་དང་མྱ་ངན་ཞུ་བ་ཙམ་གྱི་ཆེད་མིན་པར་འཐབ་རྩོད་འདི་རྒྱུན་གནས་ཡོང་བར་ཁོང་ཅག་ནི་སྙིང་སྟོབས་ཀྱི་འབྱུང་ཁུངས་དང་། མི་རིགས་ཀྱི་ལ་རྒྱ། མི་རབས་རྗེས་མ་ཚོས་མིག་དཔེ་བལྟ་ས་དང་སྤོབས་པ་བྱེད་ས་དེའང་ཡིན། རྒྱུ་མཚན་དེས་ན་ང་ཚོས་ངེས་པར་ཁོང་ཅག་གི་མི་ཚེའི་འགྲུལ་བཞུད་དམ་ལོ་རྒྱུས་ཀྱི་གལ་གནད་ཤེས་རྟོགས་ཐུབ་པ་བྱ་དགོས་ལ། ཡིད་འགུལ་ཐེབས་པའི་བློས་གཏོང་དེ་དག་དངོས་སྒྲུང་གི་རྣམ་པའི་ཐོག་ནས་སློབ་གྲྭའི་སློབ་དེབ་ཚུན་ཆད་དུའང་ཁྱབ་པ་བྱ་དགོས། འདི་ནི་ང་ཚོའི་འཐབ་རྩོད་རྒྱུན་སྐྱོང་བྱེད་པར་ཧ་ཅང་དགོས་གལ་ཆེ་ཞིང་མི་མངོན་པའི་ལམ་ཁ་དེའོ།། གནས་མཆོག་རྡ་ས་ནས་ཕྱི་ལོ་༢༠༢༢ ཟླ་༧ ཚེས་༨ ཉིན་ཁོང་གི་དཔའ་མཛངས་དང་སྙིང་སྟོབས་རྗེས་སུ་དྲན་བཞིན་གྲུབ་པར་གྱིས། སླར་སྨྲས་པ། བདེན་དོན་ལྟོ་ཡི་སྦུབས་སུ་འཁྱིལ་བ་མང་།། ནང་ཁུལ་སྨྲ་བའི་ལྕེ་རྩེ་རྣོ་བ་མང་།། རྦབ་སྒྲིལ་ས་རུད་ཚུལ་གྱིས་ཐོན་པ་ལ།། སྤྱི་དོན་བསྒྲུབས་པའི་ཆོ་ལོ་སྩལ་པའང་མང་།། རིགས་ཞེན་དཀར་པོའི་རྩ་བ་རྐང་ལ་འཐིམས།། སྙིང་སྟོབས་ཆོད་སེམས་རི་རབ་བཞིན་དུ་བརྟན།། ལ་རྒྱའི་མཚོ་མོ་དགུང་དུ་འཕྱུར་བའི་བུས།། བཞག་པའི་བྱས་རྗེས་འཛམ་གླིང་ཁྱོན་ན་ལྡིར།། གླིང་བཞི་སྒུལ་ཞིང་མཚོ་ལྔ་སྐྱོམ་པ་ཡི།། ས་བྱི་ཞི་རྒོལ་ཆེན་མོ་འུར་སེ་ལངས།། བདེན་པའི་སྣ་ཐག་ཕྱག་གིས་མ་བཏང་བར།། སྡུག་གི་མཚོ་མོར་བསྐྱལ་བ་ཁྱེད་ཉིད་ཙམ།། ཕྱག་ན་པད་མོའི་བྱིན་རླབས་སྙིང་ལ་ཟུག།། བདེན་པ་བརྡར་བའི་མགྲིན་པ་གཟེངས་སུ་མཐོ།། མི་གཅིག་ལག་གཅིག་ཚེར་མའི་ཐང་ཆེན་དུ།། ཡང་ཡང་བགྲོད་པའི་མཛད་པ་རྗེས་སུ་དྲན།།