ཆབ་སྲིད་ཅུས་ཀྱི་ཨུ་ཡོན་བརྒྱ་ཆ་བཞི་བཅུ་ཚོགས་བཅར་མ་བྱས་པ།

ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༧ ཉིན་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱིས་གཅིག་བསྡུས་སློབ་སྦྱོང་གི་ཚོགས་འདུ་ཐེངས་བཞི་བཅུ་པ་དེ་སྐོང་འཚོགས་བྱས་ཡོད་ཅིང་། སྤྱིར་ན་དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དེ་ཟླ་བ་རེ་རེའི་ནང་ཐེངས་རེ་སྐོང་འཚོགས་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཟླ་མཇུག་ཏུ་སྐོང་འཚོགས་བྱེད་ཀྱི་ཡོད་ཀྱང་། ད་རེས་གློ་བུར་དུ་སྔ་ཙམ་གྱིས་ཚེས་ ༡༧ ཉིན་ཚོགས་འདུ་སྐོང་འཚོགས་བྱས་པ་མ་ཟད། དབུས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་(ཚོགས་མི་) ༡༨ ཡོད་པའི་ནང་ནས་ཨུ་ཡོན་(ཚོགས་མི་) ༧ ཚོགས་བཅར་ཞུས་མེད་པ་མ་ཟད། ད་དུང་དབུས་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་སྤྱི་གཞོན་པ་གཉིས་ཀ་ཚོགས་བཅར་བྱས་མེད་པས། རྒྱ་ནག་གི་གནད་དོན་ལ་དཔྱད་ཞིབ་བྱེད་མཁན་མང་པོས་དེ་ནི་རྒྱ་ནག་གི་ཆབ་སྲིད་སྡིངས་ཆའི་ཐོག་གི་འབར་གད་ཆེན་པོ་ཞིག་རེད་ཅེས་བརྗོད་ཀྱི་ཡོད། དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་མི་གྲངས་བདུན་ཚོགས་བཅར་ཞུས་མེད་པ་དེ་ནི་ཚོགས་མི་ཡོངས་ཀྱི་རྒྱ་ཆ་གསུམ་བཅུ་ཙམ་ཟིན་གྱི་ཡོད། དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དེ་ནི་དམངས་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་ལྟར་བྱས་ན་འགན་འཛིན་ལྷན་ཚོགས་སམ། ཡང་ན་རྒྱུན་ལས་ལྷན་འཛོམས་ལྟ་བུའི་ཚོགས་འདུ་ཞིག་ཡིན་པས་ཆབ་སྲིད་ཀྱི་ཐོག་ནས་བཤད་ན། དབང་ཚད་ཧ་ཅང་གི་མཐོན་པོ་དང་ཆེན་པོ་ཞིག་ཡོད་པ་མ་ཟད། ཆབ་སྲིད་ཅུས་ཀྱི་ཨུ་ཡོན་(ཚོགས་མི་)ཉི་ཤུ་རྩ་ལྔ་ཡོད་ཅིང་། དེའི་ནང་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་(ཚོགས་མི་)བདུན་པོ་དེ་དག་ཚུད་ཀྱི་ཡོད། གལ་ཏེ། རྒྱུན་ལས་བདུན་པོ་དེ་དག་ཕུད་ཆབ་སྲིད་ཨུ་ཡོན་(ཚོགས་མི་) ༡༨ ཡོད་པ་དེ་དག་གི་ཐོག་ནས་རྩིས་རྒྱབ་ན་ཚོགས་བཅར་མ་ཞུས་པ་དེས་བརྒྱ་ཆ་ ༤༠ ལྷག་ཙམ་ཟིན་གྱི་ཡོད་པས་དེ་ནི་མི་རྣམས་ཧང་སངས་དགོས་པའི་གནས་ཚུལ་ཞིག་རེད།
ཚོགས་བཅར་མ་ཞུས་པའི་མི་སྣ་དེ་དག་ནི། དབུས་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་སྤྱི་གཞོན་པ་ཞུས་ཆེ་ལན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་སུན་ཁྲུན་ལའན། ཧྲང་ཧའེ་དམར་ཤོག་ཚོགས་པའི་དྲུང་ཆེ་ལི་ཆང་། ཐེན་ཅིན་དམར་ཤོག་ཚོགས་པའི་དྲུང་ཆེ་ལི་ཧུང་ཀྲུང་། དབུས་ཕྱི་ཕྱོགས་གཞུང་དོན་ཁང་གི་འགན་འཛིན་ཡང་ཅའི་གྲེ། དབུས་དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་གཞོན་པ་ཀྲང་ཡའོ་ཞྭ། པེ་ཅིང་དམར་ཤོག་ཚོགས་པའི་དྲུང་ཆེ་ཚའེ་ཆི་བཅས་བདུན་པོ་རྣམས་རེད། དེ་ཡང་དཔྱད་ཞིབ་པ་འགའ་རེས་གསུང་དོན་ལྟར་ན། ཏོག་དབྱིབས་རིམས་ནད་ཀྱི་ཉེན་ཁ་སྔར་བཞིན་གནས་ཡོད་སྟབས། སྲིད་བློན་གཞོན་པ་སུན་ཁྲུན་ལན་ཚོགས་བཅར་མ་ཐུབ་པ་དེ་ནི་རྒྱུ་མཚན་ལྡན་པ་ཞིག་ཡིན་སྲིད་ཀྱང་། དེ་མིན་ཧྲང་ཧའེ་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། ཐན་ཅིང་དམར་ཤོག་ཚོགས་པའི་དྲུང་ཆེ། པེ་ཅིང་དམར་ཤོག་ཚོགས་པའི་དྲུང་ཆེ་བཅས་གསུམ་པོ་དེ་ནི་ངེས་པར་དུ་ཚོགས་བཅར་དགོས་པ་ཞིག་ཡིན་པ་མ་ཟད། ཁོ་ཚོ་གསུམ་པོ་ནི་ཞི་ཅིང་ཕིང་གིས་བློས་འགེལ་ས་དང་། མ་འོངས་པའི་རྒྱུད་འཛིན་པར་གསོ་སྐྱོང་བྱས་པ་ཞིག་ཡིན་སྟབས། གལ་གནད་ཆེ་བའི་དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དེ་ལྟ་བུར་ཚོགས་བཅར་མ་བྱས་པ་དེ་ནི་ཡ་ཚན་ཆེ་བའི་གནས་དོན་ཞིག་ལོས་ཡིན་ཞེས་བརྗོད་ཀྱི་ཡོད།
ད་ཐེངས་གཅིག་བསྡུས་སློབ་སྦྱོང་ཐེངས་བཞི་བཅུ་པའི་ཚོགས་འདུའི་ནང་དོན་གཙོ་བོ་ནི་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཡིན་པ་དང་། ཚོགས་འདུའི་ཐོག་ཞི་ཅིང་ཕིང་གིས་དཔལ་འབྱོར་རུལ་སུངས་ཅན་ལ་ངོ་རྒོལ་བྱེད་དགོས་པའི་སྐོར་ཙམ་ཞིག་བརྗོད་པ་ལས་ཆབ་སྲིད་རུལ་སུངས་ཅན་ལ་ངོ་རྒོལ་བྱེད་དགོས་པའི་སྐོར་ལ་ནན་བརྗོད་བྱས་མེད་སྟབས། དཔྱད་ཞིབ་པ་མང་པོས་དེ་ནི་ཞི་ཅིང་ཕིང་གིས་དཔལ་འབྱོར་རུལ་སུངས་ལ་ཁ་གཡར་ནས་དོན་དངོས་ཐོག་ཞི་ཅིང་ཕིང་གི་དབང་ཆ་སྲ་བརྟན་གཏོང་ཆེད་དུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།དབུས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཞིག་གི་ངོས་ནས་བཤད་ན། ཟླ་རེའི་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ནང་དོན་ག་རེ་ཡིན་པ་དེ་སྔོན་ཚུད་ནས་ཤེས་རྟོགས་ཡོད་སྟབས། ད་ཐེངས་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དེ་ནི་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཡོད་ལ། གལ་ཏེ་ཚོགས་བཅར་བྱས་ཚེ་ཡང་ན་ཞི་ཅིང་ཕིང་ལ་ངོ་རྒོལ་བྱེད་དགོས་པ་དང་། ཡང་ན་རྒྱབ་སྐྱོར་བྱེད་དགོས་པ་ལས་བར་གནས་བསྡད་ས་མེད་པ་རེད།
དེ་དང་ཕྱོགས་མཚུངས་ཚེས་ ༡༧ ཉིན་གྱི་མཚན་མོ་ཨུ་རུ་སུར་སྐོང་འཚོགས་བྱས་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚོགས་འདུའི་ཐོག་ཞི་ཅིང་ཕིང་གིས་དྲྭ་ཐོག་ནས་རྟེན་འབྲེལ་གྱི་ཤིས་ཚིག་དང་འབྲེལ་བའི་གཏམ་བཤད་སྤེལ་ཡོད། ཡིན་ནའང་། རྒྱ་ནག་དབུས་བརྙན་འཕྲིན་ཁང་ནས་སྤེལ་བའི་གཏམ་བཤད་ལ་བལྟ་སྐབས། ཞི་ཅིང་ཕིང་གིས་གཏམ་བཤད་བྱེད་སྐབས་གཏམ་བཤད་ཀྱི་སྡིངས་ཆའི་ཐོག་ཞི་ཅིང་ཕིང་གཅིག་པུ་མ་གཏོགས་མེད་པས་གཏམ་བཤད་དེ་ནི་གྲང་ཤུར་ཤུར་གྱི་ཚོར་བ་ཅང་ཅང་ཞིག་དང་། ཞི་ཅིང་ཕིང་ནི་ཁེར་རྐྱང་དུ་ལུས་པའི་སྣང་བ་འདུག་ཅེས་དཔྱད་བརྗོད་སྤེལ་མཁན་ཡང་ཡོད་འདུག རྒྱུན་སྲོལ་གྱི་འགྲོ་ལུགས་ལྟར་ན་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དཔལ་འབྱོར་གྱི་ཚོགས་འདུ་འདི་ལྟ་བུའི་ཐོག་ཞི་ཅིང་ཕིང་དང་མཉམ་དུ་མ་མཐར་ཡང་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་། ཕྱི་ཕྱོགས་ས་གཞུང་དོན་ཁང་གི་འགན་འཛིན་ཡང་ཅའི་གྲེ་གཉིས་ངེས་པར་དུ་མཉམ་ཞུགས་བྱེད་དགོས་ངེས་ཡིན་ཀྱང་། ད་ཐེངས་ཀྱི་ཚོགས་འདུར་ཁོང་གཉིས་ཀ་མཉམ་ཞུགས་བྱས་མེད། དེའི་ཐོག་ནས་ཞི་ཅིང་ཕིང་གི་དབང་ཆའི་གནས་བབ་དང་ཤུགས་རྐྱེན་གྱི་ནུས་སྟོབས་ཉམས་དམས་སུ་འགྲོ་བཞིན་ཡོད་ཅེས་དཔྱད་བརྗོད་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་པ་རེད།.

One thought on “ཆབ་སྲིད་ཅུས་ཀྱི་ཨུ་ཡོན་བརྒྱ་ཆ་བཞི་བཅུ་ཚོགས་བཅར་མ་བྱས་པ།

  1. Pingback: 40th  Legislative Meeting Xi’s Republic Government - GUCHUSUM