ཞི་ཅིང་ཕིང་གིས་ལོ་ནའི་ཚད་བཀག་དང་ལས་རྒྱུན་གྱི་སྒྲིག་སྲོལ་ལྟོས་མེད་ཀྱིས་མུ་མཐུད་ནས་དབང་ཆའི་རྒྱུན་སྐྱོང་རྒྱུ་དེ་རྩོད་མེད་ལྟ་བུ་ཆགས་ཟིན་པ་མ་ཟད། རྒྱ་ནག་གཞུང་འབྲེལ་རིམ་པ་མཐོ་ཤོས་ཀྱི་མགྲིན་ཚབ་ལྟ་བུའི་ཚགས་པར་གཉིས་དང་། དུས་དེབ་གཅིག་གི་སྟེང་དུའང་ཞི་ཅིང་ཕིང་གི་མུ་འབྲེལ་རྩོམ་ཡིག་དང་གཏམ་བཤད་ཁག་ལ་བལྟས་ན། ཞི་ཅིང་ཕིང་གིས་མའོ་ཙེ་ཏུང་གི་དུས་སྐབས་དང་འདྲ་བར་སུས་ཀྱང་འགྲན་མི་བཟོད་པའི་གནས་བབ་བཟུང་ཡོད། ཡིན་ནའང་། འདི་ལོ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧའེ་ནང་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་བྱེད་སྟངས་དང་། ད་དུང་ར་ཤེ་ཡས་ཡུག་རིང་ལ་བཙན་འཛུལ་དམག་འཁྲུགས་བསླངས་པར་རྒྱ་ནག་གིས་རྒྱབ་སྐྱོར་བྱས་པ་སོགས་རྒྱུ་རྐྱེན་མང་པོར་བརྟེན་ནས་རྒྱ་ནག་ལ་སྔར་མེད་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་བཅས་ཀྱིས། ཞི་ཅིང་ཕིང་གིས་རྒྱུན་མཐུད་དེ་སྲིད་འཛིན་གྱི་ལས་རྒྱུན་འཛིན་རྒྱུར་མི་རྣམས་ཀྱིས་དོགས་པ་བྱ་ཡུལ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གི་དཔྱད་ཞིབ་པ་མང་པོ་ཞིག་གིས་བརྗོད་གསལ་ལྟར་ན། ཞི་ཅིང་ཕིང་གིས་མུ་མཐུད་ནས་དབང་ཆ་བཟུང་རྒྱུ་ལས་ལྡོག་སྟེ་ཁོ་པའི་ཏང་ནང་གི་དབང་ཆ་དང་གོ་གནས་མང་པོ་ཞིག་སྲིད་བློན་ལི་ཁེ་བྱང་གི་ལག་ཏུ་ཤོར་ཏེ་ཞི་ཅིང་ཕིང་གི་རྒྱུན་འཛིན་ངོ་མ་དེ། སྲིད་བློན་ལི་ཁེ་བྱང་གིས་བྱེད་སྲིད་པ་རེད་ཅེས་དཔྱད་བརྗོད་བྱེད་ཀྱི་ཡོད། དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ། ཉིན་ཤས་གོང་དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་སྐོང་འཚོགས་བྱས་རྗེས་གནས་ཚུལ་མང་པོ་ཞིག་འགྱུར་ལྡོག་བྱུང་ཡོད་པ་རེད།
དེ་ཡང་། ཟླ་ ༥ ཚེས་ ༡༦ ཉིན་ལི་ཁེ་བྱང་གིས་པ་ཀི་སི་ཏན་གྱི་སྲིད་བློན་དང་ཁ་པར་ཐོག་ནས་ཕྱོགས་སོ་སོའི་རྒྱལ་དོན་གླེང་སློང་དང་བསམ་འཆར་བརྗེ་རེས་བྱས་པ་རེད། པ་ཀི་སི་ཐན་ནི་སྲིད་བློན་ལམ་ལམ་ལུགས་ཀྱི་རྒྱལ་ཁབ་གཅིག་ཡིན་པས་སྲིད་བློན་ནི་རྒྱལ་ཁབ་ཀྱི་དབང་ཚད་མཐོ་ཤོས་དེ་ཆགས་ཡོད་སྟབས། པ་ཀི་སི་ཐན་གྱི་སྲིད་བློན་གྱིས་ཞི་ཅིང་ཕིང་དང་ཐད་ཀར་ཁ་པར་གྱི་ཐོག་ནས་རྒྱལ་དོན་གླེང་སློང་བྱེད་དགོས་ཀྱང་། དེ་ལྟར་མ་བྱས་པར་སྲིད་བློན་ལི་ཁེ་བྱང་དང་མཉམ་དུ་གླེང་སློང་བྱས་ཡོད། རྒྱ་ནག་གི་ངོས་ནས་བཤད་ནའང་ཞི་ཅིང་ཕིང་ནི་རྒྱ་ནག་གི་ཏང་སྲིད་དམག་གི་དབང་ཆ་ཚད་མཐོ་ཤོས་འཛིན་མཁན་དེ་ཆགས་ཡོད་པས། པ་ཀི་སི་ཐན་གྱི་སྲིད་བློན་དང་ཐད་ཀར་ཁ་པར་གྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་རྒྱལ་དོན་གླེང་སློང་བྱ་རྒྱུ་དེ་ཞི་ཅིང་ཕིང་གི་འོས་འགན་ཡིན་པ་རྩོད་མེད་ཡིན་ཀྱང་། ད་རེས་སྲིད་བློན་ལི་ཁེ་བྱང་གིས་ཞི་ཅིང་ཕིང་གི་གནས་བབ་བཟུང་ཏེ་པ་ཀི་སི་ཐན་གྱི་དབང་ཚད་མཐོ་ཤོས་ཡིན་པའི་སྲིད་བློན་དང་ཁ་པར་གྱི་ཐོག་ནས་རྒྱལ་དོན་གླེང་སློང་བྱས་པ་དེས། མ་མཐར་ཡང་ལི་ཁེ་བྱང་གི་ཤུགས་རྐྱེན་དང་ནུས་པ་མཐོ་རུ་འགྲོ་བཞིན་ཡོད་པ་མཚོན་ཡོད། ཡང་ཟླ་ ༥ ཚེས་ ༢༣ ཉིན་སྲིད་བློན་ལི་ཁཱ་ཆང་གིས་ཁ་པར་གྱི་ཐོག་ནས་ཨའོ་སོ་ཁྲུ་ལི་ཡའི་སྲིད་བློན་གསར་པ་སྐུ་ཞབས་ཨར་པ་ནི་སྲིད་བློན་ལས་འཁུར་བཞེས་པར་འཚམས་འདྲི་ཞུས་པ་རེད། ཨོ་སོ་ཁྲུ་ལི་ཡ་ཡང་པ་ཀི་སི་ཐན་དང་འདྲ་བར་སྲིད་བློན་ལམ་ལུགས་ཀྱི་རྒྱལ་ཁབ་གཅིག་ཡིན་སྟབས། རྒྱལ་ཁབ་དེའི་སྲིད་བློན་ལས་འཁུར་གྱི་འཚམས་འདྲི་དེ་ཡང་རྒྱ་ནག་གི་ངོས་ནས་བཤད་ན་ཞི་ཅིང་ཕིང་གི་ངོས་ནས་ཐད་ཀར་འཚམས་འདྲི་ཞུ་དགོས་ངེས་ཞིག་འདུག་ཀྱང་དེ་ལས་ལྡོག་སྟེ་ཞི་ཅིང་ཕིང་གི་ཚབ་ལྟ་བུར་སྲིད་བློན་ལི་ཁེ་བྱང་གིས་བྱས་པ་རེད།
དེ་དང་ཆབས་ཅིག ཟླ་ ༥ ཚེས་ ༡༦ དང་ཚེས་ ༡༧ ཉིན་མི་དམངས་ཉིན་རེའི་ཚགས་པར་ཐོག་བཀོད་པའི་ཁག་སོ་སོའི་གནས་ཚུལ་དང་། ལྷག་པར་དུ་ཚགས་པར་གྱི་པར་ངོས་དང་པོའི་སྟེང་གི་གནས་ཚུལ་འགོད་སྟངས་ལ་བལྟས་ན་ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འགལ་བ་དང་རྩོད་རྙོག་གི་གནས་སྟངས་མང་པོར་རིག་འདེད་བྱེད་ཐུབ། དེ་ཡང་མི་མང་ཉིན་རེའི་ཚགས་པར་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོ་ཤོས་དང་དབང་གྲགས་ཆེ་ཤོས་ཀྱི་ཚགས་པར་ཞིག་ཡིན་པ་དང་། དེ་ཉིན་མི་དམངས་ཉིན་རེའི་ཚགས་པར་ཐོག་གཙོ་གནད་དེ་ལི་ཁེ་བྱང་དང་དབང་ཡང་གི་གནས་ཚུལ་བཀོད་ཡོད་པ་མ་ཟད། དེ་ཡང་པར་ངོས་དང་པོའི་ཐོག་བཀོད་ཡོད།
དེ་ལྟ་བུའི་གནད་དོན་སྣ་མང་ཞིག་གི་ཐོག་ནས་ལི་ཁེ་བྱང་རྒྱ་ནག་གི་སྲིད་འཛིན་དུ་འཁོད་སྲིད་པའི་དོགས་སློང་བྱེད་ཀྱི་ཡོད་པ་རེད། གལ་ཏེ་ལི་ཁེ་བྱང་རྒྱ་ནག་གི་སྲིད་འཛིན་བྱས་ཚེ། རྒྱ་ནག་གི་སྲིད་བློན་སུས་བྱེད་ཀྱི་རེད་དམ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་སུས་བྱེད་ཀྱི་རེད་དམ་ཞེས་པའི་དྲི་བ་དེ་དག་རང་ཤུགས་སུ་སླེབས་ཀྱི་ཡོད། དེ་ལ་དངོས་དོན་གྱི་ལན་ཞིག་དགོས་ན། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལས་དངོས་དོན་འདི་འདྲ་ཞིག་མཐོང་དགོས་པ་སྟེ། གལ་ཏེ་ལི་ཁེ་བྱང་གིས་ཞི་ཅིང་ཕིང་གི་ཚབ་བྱས་ཚེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་དབང་ཡང་ནི་གནས་རིམ་མཐོ་ཤོས་དེ་ཆགས་ཡོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གྱི་དབང་ཆ་དེ་རང་བཞིན་གྱིས་དབང་ཡང་གི་ལག་པར་སླེབས་ཡོང་གི་ཡོད་པ་རེད། རིམ་པ་གཉིས་པ་ཝང་ཧུའུ་ཉིང་ཡིན་པས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཝང་ཧུའུ་ནིང་ཆགས་རྒྱུ་ཡིན་པ་རྩོད་མེད་རེད་མོད། གནས་སྟངས་དེ་འདྲའི་འོག་ཞི་ཅིང་ཕིང་གིས་མུ་མཐུད་ནས་དབང་ཆ་བཟུང་རྒྱུ་ཕམ་ཉེས་འགྲོ་གི་ཡོད་པ་མ་ཟད། སྐབས་གསར་པའི་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཀྱི་རིམ་པ་མཐོ་ཤོས་ནང་དུའང་ཞི་ཅིང་ཕིང་གི་བློས་འཁེལ་བའི་མི་གཅིག་ཀྱང་སླེབས་ཐུབ་ཀྱི་མེད། སྲིད་བློན་ལི་ཁེ་བྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་གཉིས་ཀ་ཞི་ཅིང་ཕིང་གི་ཕྱོགས་གཏོགས་མ་ཡིན་པར། དེ་ལས་ལྡོག་ཏེ་ཁོང་གཉིས་ཀ་གུང་གཞོན་ཚོགས་པའི་ཕྱོགས་གཏོགས་ཡིན་པ་དང་། དེ་མིན་ཝང་ཧུའུ་ཉིང་ནི་ཕྱོགས་གཏོགས་གང་གི་ཁོངས་སུའང་མེད་པའི་བར་གནས་ཀྱི་མི་སྣ་ཞིག་ཡིན་པ་དང་། དེ་ཡང་སྐད་ཆ་མང་པོ་མི་ཤོད་ཅིང་ཁ་ཁུ་སིམ་པོའི་ཐོག་ནས་དོན་ཆེན་སྒྲུབ་མཁན་ཞིག་རེད། དེ་རྗེས་ཡོང་སྲིད་པའི་མི་སྣ་གཞན་ཞིག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཧུའུ་ཁྲུན་ཧྭ་རེད། ཧུའུ་ཁྲུན་ཧྭ་ཡང་ཞི་ཅིང་ཕིང་གི་ཕྱོགས་གཏོགས་མ་ཡིན་པར་གུང་གཞོན་ཚོགས་པའི་ཁྱབ་ཁོངས་ནས་ཡོང་བ་ཞིག་ཡིན་པས། མ་མཐར་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ནང་གུང་གཞོན་ཚོགས་པའི་མི་སྣ་གལ་ཆེན་གསུམ་སླེབས་ཐུབ་ཀྱི་ཡོད་པས་གུང་གཞོན་ཚོགས་པའི་ངོས་ནས་བཤད་ན་རྒྱལ་ཁ་ཆེན་པོ་ཞིག་དང་། རྒྱལ་སྲས་གཤོག་ཁག་དང་ཧྲང་ཧའེ་གཤོག་ཁག་གི་ངོས་ནས་བཤད་ན་ཕམ་ཉེས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད།
དེ་ལས་ཀྱང་འབར་གད་རང་བཞིན་གྱི་གནས་ཚུལ་གཞན་ཞིག་ནི། ཟླ་ ༥ ཚེས་ ༢༥ ཉིན་སྲིད་བློན་ལི་ཁེ་བྱང་གིས་མི་གྲངས་ཁྲི་བཅུ་ལྷག་ཙམ་མཉམ་ཞུགས་བྱས་པའི་གལ་ཆེའི་ཚོགས་འདུ་ཞིག་གཙོ་སྐྱོང་བྱས་ཡོད། ལོ་རྒྱུས་ལ་ཕྱིར་མིག་བལྟས་ནས་ཤེས་ཐུབ་པར། ཕྱི་ལོ་ ༡༩༦༢ ལོའི་ཟླ་ ༡ པོའི་ནང་མའོ་ཙེ་ཏུང་གིས་མི་གྲངས་ ༧༠༠༠ ལྷག་ཙམ་མཉམ་ཞུགས་བྱས་པའི་ཚོགས་འདུ་ཞིག་སྐོང་འཚོགས་བྱས་ཡོད། དེ་ནི་རྒྱ་ནག་གི་ལོ་རྒྱུས་ཐོག་རིམ་འདས་ཚོགས་འདུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཉེ་ལམ་ཞི་ཅིང་ཕིང་དང་སྲིད་བློན་ལི་ཁེ་བྱང་གིས་གཅིག་གིས་ཤྭ་བའི་སྐོར་བཤད་ན་གཞན་དེས་དགོ་བའི་སྐོར་བཤད་དེ་ཧ་ལམ་འགལ་བ་ལྟག་སྤྲོད་ལྟ་བུའི་སྐད་ཆ་ཤོད་རེས་བྱེད་ཀྱི་ཡོད་པ་དང་། ཞི་ཅིང་ཕིང་གིས་ནད་ཡམས་འགོག་ཟོན་བྱ་རྒྱུ་ནི་གཙོ་གནད་ཀྱི་ལས་དོན་ཡིན་པ་དང་། རྒྱ་ནག་ནང་རྒྱ་ནད་གཅིག་ཀྱང་མེད་པའི་སྲིད་ཇུས་གཏན་འབེབས་བྱས་པ་མ་ཟད། སྲིད་ཇུས་དེར་དོགས་སློང་དང་འགོག་རྐྱེན་བཟོ་མཁན་ཚོར་འཐབ་རྩོད་བྱེད་དགོས་ཞེས་ནན་བརྗོད་བྱས་ཡོད་ཀྱང་། སྲིད་བློན་ལི་ཁེ་བྱང་གིས་དེ་ལས་ལྡོག་ཏེ་རྒྱ་ནག་གི་དཔལ་འབྱོར་གོང་སྤེལ་གཏོང་རྒྱུ་དེ་ནི་གལ་གནད་ཆེ་ཤོས་རེད་ཅེས་ཕན་ཚུན་སྐྱོན་བརྗོད་བྱེད་རེས་ལྟ་བུའི་གནས་སྟངས་དེ་འདྲ་ཞིག་སྐབས། ལི་ཁཱ་ཆང་གིས་མི་གྲངས་ཁྲི་ཚོ་བཅུ་ལྷག་ཙམ་ཡོད་པའི་ཚོགས་འདུ་སྐོང་འཚོགས་བྱས་པ་དེ་ཁོ་ནའི་ཐོག་ནས་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་མཚོན་ཡོད། ད་ཐེངས་ཀྱི་ཚོགས་འདུ་དེ་དྲ་ལམ་བརྒྱུད་ནས་བརྙན་འཕྲིན་ཐོག་ཏུ་འཚོགས་ཡོད་པ་དང་། དེའི་ནང་རྒྱལ་ཡོངས་ཀྱི་རྫོང་ཁག་སོ་སོའི་དམར་ཤོག་དྲུང་ཆེ་དང་རྫོང་དཔོན་སོགས་ཀྱང་མཉམ་ཞུགས་བྱས་ཡོད་འདུག
Pingback: Losing Xi Jing and Gaining Li Keqiang - GUCHUSUM