རྒྱ་ནག་ནང་གི་དབང་འཛིན་པའི་འཐབ་རྩོད་གནས་སྟངས་ནི་ཉིན་རེ་ལས་མ་འདས་པར་རྣོ་ངར་ཇེ་ཆེ་དང་། ཛ་ཇེ་དྲག་ཏུ་འགྲོ་བཞིན་པ་རེད་ལ། ཐ་ན་ཞི་ཅིང་ཕིང་རང་ཉིད་ཀྱིས་གདམས་པའི་སོ་སོའི་རྒྱུན་འཛིན་པ་ཡང་སྲིད་སྟེགས་ནས་གནས་དབྱུང་གཏོང་རྒྱུའི་ཉེན་ཁར་སླེབས་ཡོད། ཉིན་ཤས་གོང་འདི་ག་ཚོགས་པའི་དྲྭ་གནས་ཐོག་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་དམར་ཤོག་ཚོགས་པའི་དྲུང་ཆེ། ལི་ཆང་གིས་ཧྲང་ཧའེ་གྲོང་ཁྱེར་ནང་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་བྱེད་པའི་བྱེད་ཕྱོགས་དང་སྲིད་ཇུས་ཕམ་ཉེས་ཤོར་བའི་གནས་ཚུལ་སྤེལ་ཡོད། གནས་ཚུལ་དེ་སྤེལ་ནས་ཉིན་གསུམ་ལས་མ་སོང་བར་ལི་ཆང་གི་གནས་ཚུལ་དེ་ཛ་ཇེ་དྲག་དང་རྣོ་ངར་ཇེ་ཆེ་རེད། དེ་ཡང་ཟླ་ ༥ ཚེས་ ༨ ཉིན་དབྱིན་ཇིའི་དངུལ་རྩའི་ཚགས་པར་ཐོག་གནས་ཚུལ་འཁོད་པར་གཞིགས་ན། རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་སྲིད་བློན་གཞོན་པ་ཧན་ཀྲེང་གིས་ཧྲང་ཧའེ་དམར་ཤོག་ཚོགས་པའི་དྲུང་ཆེ་ལི་ཆང་གནས་དབྱུང་གཏོང་དགོས་ཞེས་ཞི་ཅིང་ཕིང་ལ་འབོད་སྐུལ་ཞུས་པའི་གནས་ཚུལ་ཐོན་ཡོད།
དེས་ན། ལི་ཆང་ཞེས་པ་དེ་སུ་ཞིག་ཡིན་པ་དང་། མི་དེ་གནད་འགག་ཆེན་པོ་གང་འདྲ་ཞིག་མིན་གསལ་པོ་བཟོ་དགོས། ལི་ཆང་ནི་ད་ལྟའི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧའེ་ཡི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་པ་མ་ཟད། དབུས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། འདི་ལོའི་ལོ་མཇུག་ཏུ་འཚོག་འཆར་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཉི་ཤུ་པའི་ཐོག དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་སུ་བསྐོ་བཞག་བྱ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ཐ་ན་མ་འོངས་པར་ཞི་ཅིང་ཕིང་གི་རྒྱུན་འཛིན་བྱེད་སྲིད་ཀྱི་རེད་ཅེས་དཔྱད་བརྗོད་བྱེད་ཀྱི་ཡོད། ཞི་ཅིང་ཕིང་སྤྱི་ལོ་ ༢༠༠༢ ལོ་ནས་སྤྱི་ལོ་ ༢༠༠༧ ལོ་བར་ཀྲེ་ཅང་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེ་བྱེད་སྐབས། ལིའི་ཇང་ནི་ཀྲེ་ཅང་ཞིང་ཆེན་ཝིན་ཀྲའུ་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། དེ་ནས་སྤྱི་ལོ་ ༢༠༠༥ ལོར་ཞི་ཅིང་ཕིང་གི་དྲུང་ཡིག་ཆེན་མོར་བསྐོ་བཞག་བྱས་ཡོད། འགོ་ཁྲིད་ཞིག་གིས་རང་གི་དྲུང་ཡིག་ཏུ་བསྐོ་བཞག་བྱ་རྒྱུ་དེ་ལས་ཀའི་འཇོན་ཐང་དང་ནུས་པ་ཙམ་མ་ཟད། ལྷག་པར་དུ་རྒྱ་ནག་ལ་ཆ་མཚོན་ན་བསམ་བློ་དང་ཆབ་སྲིད་ཀྱི་ཐོག་ནས་ཡིད་ཆེས་བློས་འགེལ་མེད་ཚེ། གང་བྱུང་དུ་བསྐོ་བཞག་གཏན་ནས་བྱེད་མི་སྲིད་པ་ཞིག་རེད། དེར་བརྟེན། ལི་ཆང་ནི་སྐབས་དེ་དུས་ནས་ཀྱང་ཞི་ཅིང་ཕིང་གིས་བློས་ཡོངས་སུ་འགེལ་ཆོག་པའི་བློས་ཐུབ་ཀྱི་ལས་རོགས་ཤིག་ཆགས་ཡོད་ཅིང་། སྤྱི་ལོ་༢༠༡༢ ལོར་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་རྗེས་ལི་ཆང་གི་གོ་གནས་དེ་ཡང་རིམ་པ་བསྟར་ཆགས་སུ་འཕར་བ་དང་། རིང་པོར་མ་སོང་བར་ལི་ཆང་ཀྲེ་ཅང་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པ་དང་། སྤྱི་ལོ་ ༢༠༡༥ ལོར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧའེ་དམར་ཤོག་ཚོགས་པའི་དྲུང་ཆེ་དང་དབུས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཚོགས་མིར་འདེམས་སྒྲུག་བྱས་ཡོད།
རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། རྒྱུན་འཛིན་པ་བསྐོ་བཞག་བྱེད་པའི་གནད་དོན་ནི། དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འགལ་བ་དང་འཐབ་རྩོད་ཡོང་གཞི་གཙོ་བོ་དེ་ཆགས་ཡོད། དེ་ཡང་མའོ་ཙེ་ཏུང་གིས་ལིན་པེའོ་རང་ཉིད་ཀྱི་རྒྱུན་འཛིན་པར་གཏན་འཁེལ་
བྱས་ཀྱང་། ལིན་པེའོ་ཡིས་མའོ་ཙེ་ཏུང་ལྐོག་གསོད་བྱ་རྩིས་དང་། དྲག་ཆས་སྲིད་བསྒྱུར་བྱས་ཏེ་ཐ་ན་ལོགས་སུ་རང་བཙན་གྱི་རྒྱལ་ཁབ་ཅིག་འཛུགས་རྒྱུའི་འཆར་གཞི་ཡང་བཀོད་ཡོད། མཐར་ལིན་པེའོ་ཡི་འཆར་གཞི་ཕམ་ཉེས་སུ་ཕྱིན་ནས་གནམ་གྲུར་བསྡད་དེ་བྲོས་བྱོལ་དུ་འགྲོ་སྐབས་གནམ་གྲུ་ས་ལ་ལྷུང་ནས་གནམ་གྲུའི་ནང་གི་མི་ཚང་མ་ཤི་བ་རེད། དེ་རྗེས་ཏེང་ཞའོ་ཧྤེང་གིས་ཧུའུ་ཡའོ་པང་རང་ཉིད་ཀྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་རུ་ཡར་བསྐོ་བཞག་བྱས་ཏེ་ཡུན་རིང་མ་སོང་བར་ཧུའུ་ཡའོ་པང་དང་ཏེང་ཞའོ་ཧྥིང་གཉིས་ཕན་ཚུན་འགལ་ཟླ་ཆགས་ནས་མཐར་ཧུའུ་ཡའོ་པང་སྲིད་འཛིན་གྱི་གོ་གནས་དེ་ལས་གནས་དབྱུང་བཏང་བ་དང་། ཧུའུ་ཡའོ་པང་གནས་དབྱུང་བཏང་རྗེས་དུས་ཡུན་དེ་ཙམ་རིང་པོ་མ་ཐོགས་པར་སྙིང་གི་ནད་གཞིས་འདས་གྲོངས་སུ་ཕྱིན་པ་དང་། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་སྤྱི་ལོ་ ༡༩༨༩ ལོར་གཞི་རྒྱ་ཆེ་བའི་དམངས་གཙོའི་ལས་འགུལ་དེ་ལངས་ཡོད་ཅིང་། དེ་རྗེས་ཏེང་གིས་ཀྲའོ་ཙེ་དབྱང་རང་ཉིད་ཀྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་ཡོད་ཀྱང་། སྐབས་དེའི་མཐོ་རིམ་སློབ་མས་སྣེ་འཁྲིད་བྱས་པའི་དམངས་གཙོའི་ལས་འགུལ་གཞི་རྒྱ་ཆེན་པོ་དེར་ཐག་གཅོད་བྱེད་ཕྱོགས་ཐད་ལ། ཀྲའོ་ཙེ་དབྱང་དང་ཏེང་ཞའོ་ཕིང་གཉིས་བར་ལ་འགལ་ཟླ་དེ་བས་ཀྱང་ཆེན་པོ་ཞིག་ཆགས་ཏེ་མཐའ་མར་ཀྲའོ་ཙེ་དབྱང་ཕམ་ཉེས་སུ་བཏང་ནས་འཕྲལ་མར་གོ་གནས་ཕབ་ཡོད། དེར་བརྟེན། རྒྱ་ནག་དམར་ཤོག་ཚོགས་པའི་ནང་རྒྱུན་འཛིན་པའི་གནད་དོན་ནི་འཐབ་རྩོད་ཀྱི་འབྱུང་རྩའི་རྒྱུ་རྐྱེན་གཙོ་བོ་དེ་ཆགས་ཡོད།
ཞི་ཅིང་ཕིང་གིས་སླར་ཡང་ལོ་ལྔ་ཚན་གཅིག་གི་དབང་ཆ་བཟུང་ཚེ་སྐབས་རྗེས་མར་སླེབས་དུས་ཞི་ཅིང་ཕིང་ལོ་ ༧༤ ལ་སླེབས་ཀྱི་ཡོད་པས་གཟུགས་པོའི་ནུས་ཤུགས་ཀྱིས་རྐྱེན་པས་མུ་མཐུད་ནས་སྲིད་དབང་སྐྱོང་མི་ཐུབ། དེའི་རྐྱེན་གྱིས་རྒྱུན་འཛིན་པའི་གནད་དོན་ནི་གལ་ཆེའི་ནང་གི་གནད་འགག་ཆེ་ཤོས་ཀྱི་དོན་ཆེན་ཞིག་ཆགས་ཡོད་སྟབས། དེ་རྗེས་ཅང་ཙེ་མིན་བསྐོ་བཞག་བྱས་ཏེ་རིམ་པ་བཞིན་དུ། ཧུའུ་ཅིན་ཐའོ་ཡི་རྒྱུན་འཛིན་པར་ཞི་ཅིང་ཕིང་ཉིད་གཏན་འཁེལ་བའི་རྗེས་སུ། ཞི་ཅིང་ཕིང་གི་རྒྱུན་འཛིན་པ་སུས་བྱེད་མིན་གྱི་ཐད་རྒྱ་ནག་གཞུང་གིས་འཆར་གཞི་ལྟར་ན། སྐབས་དེའི་ཀོང་ཏུང་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེ་ཧུའུ་ཁྲུན་ཧྭ་གཏན་འཁེལ་བྱས་པ་དང་། ཁྲུང་ཆིང་དམར་ཤོག་ཚོགས་པའི་དྲུང་ཆེ་སུན་ཀྲང་ཚའེ་སྲིད་བློན་ལི་ཁཱ་ཆང་གི་རྒྱུན་འཛིན་པར་བསྐོ་བཞག་བྱ་རྒྱུའི་འཆར་གཞི་བསྒྲིགས་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་སུན་ཀྲང་ཚའེ་རྒྱ་ནག་དབུས་སྒྲིག་གཤེར་ལྷན་ཁང་ནས་འཇུ་བཟུང་བྱས་ཏེ་ཚབས་ཆེའི་སྒྲིག་འགལ་ཁྲིམས་འགལ་གྱི་ནག་ཉེས་བསགས་པའི་ཁྱབ་བསྒྲགས་བྱས་ཏེ། རྒྱུན་འཛིན་པ་གཏན་འཁེལ་གྱི་འཆར་གཞི་དེ་ལྟར་སྦོ་ལུགས་པ་རེད། དེ་ན་སུ་ཞིག་ཞི་ཅིང་ཕིང་གི་རྒྱུན་འཛིན་པ་རེད་དམ་ཟེར་ན། རྒྱ་ནག་གི་གནས་སྟངས་ལ་ཉམས་ཞིབ་བྱེད་མཁན་མང་པོ་ཞིག་གིས་ལི་ཆང་ནི་ཞི་ཅིང་ཕིང་གི་རྒྱུན་འཛིན་པ་རེད་ཅེས་བརྗོད་ཀྱི་ཡོད་འདུག་མོད། འོན་ཀྱང་། ད་ཆ་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ནང་ཞི་ཅིང་ཕིང་གིས་གཏན་འཁེལ་བྱས་པའི་རྒྱུན་འཛིན་པ་གནས་དབྱུང་གཏོང་དགོས་པའི་སྐོར་ལ་བསམ་འཆར་ཤུགས་ཆེན་པོ་འདོན་བཞིན་ཡོད་པ་དང་། དཔྱད་ཞིབ་པ་འགའ་ཞིག་གིས་གསུང་ཡས་ལ། ཐ་ན་ཞི་ཅིང་ཕིང་ཡང་གནས་བཟོད་བདེ་པོ་མེད་པ་དང་། སྲིད་བློན་ལི་ཁཱ་ཆང་གིས་ཞི་ཅིང་ཕིང་གི་ཚབ་བྱས་ཏེ་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་དབང་ཆར་ཁ་ལོ་བསྒྱུར་གྱི་རེད་ཅེས་བརྗོད་ཀྱི་ཡོད་འདུག
དེ་ཡང་རྒྱུ་མཚན་མེད་པ་ཞིག་མ་ཡིན་སྟེ། ཉེ་བའི་ལོ་ཤས་ནང་ཞི་ཅིང་ཕིང་དང་ལི་ཁཱ་ཆང་གི་གཏམ་བཤད་མང་པོ་ཞིག་གུང་བསྒྲིགས་ནས་ཞིབ་འཇུག་བྱེད་སྐབས་གཅིག་གིས་ཤར་རེད་ལབ་ན་གཞན་དེས་ནུབ་རེད་ཅེས་བརྗོད་ཀྱི་ཡོད། དཔེར་ན། ཟླ་བ་འདིའི་ཚེས་ཤར་དུ་སྲིད་བློན་ལི་ཁཱ་ཆང་གིས་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་གལ་གནད་ཆེ་ཤོས་ཀྱི་ལས་དོན་རེད་ཅེས་ནན་བརྗོད་བྱས་ཡོད་ཀྱང་། ཞི་ཅིང་ཕིང་གིས་དེ་ལས་ལྡོག་ཏེ་ད་ལྟའི་དུས་སྐབས་སུ་ནད་ཡམས་ལ་གདོང་ལེན་བྱ་རྒྱུ་དེ་གལ་གནད་ཆེ་ཤོས་ཀྱི་ལས་དོན་ཞིག་ཡིན་པ་དང་། ནད་ཡམས་འགོག་བཅོས་ཀྱི་སྲིད་ཇུས་ལ་འཁྱོགས་བཤད་དང་དོགས་པ་བྱེད་མཁན་ཚོར་འཐབ་རྩོད་བྱ་རྒྱུ་ཡིན་ཞེས་བརྗོད་ཡོདསྟབས། རྒྱ་ནག་གི་གནད་དོན་ལ་ཞིབ་འཇུག་བྱེད་མཁན་མང་པོ་ཞིག་གིས་རྒྱ་ནག་གི་ཆེས་མཐོའི་འགོ་འཁྲིད་དེ་གཉིས་ཀྱི་འགལ་ཟླ་རུ་གྱུར་བའི་གཏམ་བཤད་དང་བྱ་སྤྱོད་ལས་དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འགལ་བ་དང་འཐབ་རྩོད་དེ་རྣོ་ངར་ཇེ་ཆེར་འགྲོ་བཞིན་ཡོད་པའི་རྟགས་ཚན་རེད་ཅེས་བརྗོད་ཀྱིན་འདུག ཞི་ཅིང་ཕིང་གིས་ནད་ཡམས་འགོག་བཅོས་ཀྱི་སྲིད་ཇུས་ལ་འཁྱོགས་བཤད་དང་དོགས་པ་བྱེད་མཁན་ཚོར་ང་ཚོས་འཐབ་རྩོད་བྱ་རྒྱུ་ཡིན་ཞེས་པ་དེ་ནི། དེ་སྔ་མའོ་ཙེ་ཏུང་གིས་ལེའུ་ཧྲའོ་ཇི་གཏོར་ཕམ་གཏོང་རྒྱུའི་ཆེད། སི་ལིང་པུའུ་ལ་མེ་སྒྱོགས་རྒྱོབས་ཤིག ངས་ཡིག་ཆེན་ཚགས་པར་ཞེས་པའི་མཆན་བཀོད་ཡིག་ཆེན་ཁྱབ་བསྒྲགས་བྱས་པ་དང་གཅིག་མཚུངས་ཡིན་ནོ་ཟེར་རོ།།