ཉིན་ཤས་རིང་། རྒྱལ་སྤྱིའི་གསར་ལམ་ཁག་དུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་ཀྲན་ནད་ཕོག་ཏེ་བཤགས་བཅོས་བྱས་པའི་སྐོར་ཚ་ཚ་འུར་འུར་གྱིས་གླེང་བཞིན་པའི་སྐབས་དེར། རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧའེ་ནང་ཏོག་དབྱིབས་རིམས་ནད་གཅིག་ཀྱང་མེད་པ་བཟོ་རྒྱུའི་སྲིད་ཇུས་ཕམ་ཉེས་ཤོར་བའི་ཁར། པེ་ཅིང་གྲོང་ཁྱེར་དུ་རིམས་ནད་ཁྱབ་འགོ་ཚུགས་པ་དང་། གཞུང་ཕྱོགས་ཀྱིས་པེ་ཅིང་གྲོང་ཁྱེར་ཡང་ཧྲང་ཧེའི་གྲོང་ཁྱེར་བཞིན་དུ་ཁྱིམ་སྡོད་བཀག་རྒྱ་བསྡམས་འགོ་ཚུགས་ནས་པེ་ཅིང་གི་གྲོང་མི་རྣམས་གཤིན་རྗེའི་སྒོ་ཁར་སླེབས་པ་ལྟ་བུའི་འཚོར་སྣང་ཞིག་མྱོང་དུ་བཅུག་ཡོད། མ་གཞི་རིམས་ནད་འདི་རྒྱ་ནག་རང་ས་ནས་ཐོན་པ་ཞིག་ཡིན་སྟབས། དེར་ཡ་ཚན་སྐྱེས་དགོས་དོན་མེད་ཀྱང་། འདི་ལོའི་ཟླ་བ་གསུམ་པའི་ཟླ་དཀྱིལ་ནས་བཟུང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་དང་། མི་ཚོགས་མཐུག་ཤོས་ཧྲང་ཧའེ་ནང་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་བ་དང་། རྒྱ་ནག་གཞུང་གིས་རིམས་ནད་གཏན་འགོག་བྱས་ཏེ་གཅིག་ཀྱང་མེད་པ་བཟོ་རྒྱུ་ཟེར་བའི་སྲིད་ཇུས་ཀྱི་འོག་མི་གྲངས་བྱེ་བ་གཉིས་དང་ས་ཡ་བཞི་(༢༤༠༠༠༠༠༠) ལྷག་ཙམ་ཡོད་པའི་ཧྲང་ཧའེ་གྲོང་མི་རྣམས་ལ་གཞུང་གི་ཡང་དག་པའི་ནད་འགོག་སྲིད་ཇུས་མེད་པའི་དབང་གིས་ནད་ཡམས་ཀྱི་དཀའ་ངལ་ཐོག་དམ་དྲག་ཆེ་བའི་སྲིད་ཇུས་ཀྱི་དཀའ་ངལ་བཅས། འཁུར་པོ་ཉིས་བརྩེགས་འཁུར་དགོས་པ་ཞིག་ཆགས་ཡོད། འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱི་འགོག་ཁབ་རྒྱབ་ནས་རིམས་ནད་ཀྱི་ངར་ཤུགས་ཕལ་ཆེ་བ་རྣམས་བཅགས་ཟིན་པ་མ་ཟད། རིམས་འགོག་དང་སྨན་བཅོས་ཀྱི་ཐབས་ལམ་སོགས་མི་འདྲ་བ་སྣ་ཚོགས་ཤིག་རིམ་པས་གསར་གཏོད་ཐུབ་པ་བཅས་མིའི་རིགས་ཀྱིས་ནད་ཡམས་དེར་འཐབ་རྩོད་བྱེད་པའི་ཐད་རླབས་ཆེན་གྱི་གྲུབ་འབྲས་དང་རྒྱལ་ཁ་ཐོབ་བཞིན་ཡོད་སྟབས། རྒྱལ་ཁབ་ཚང་མས་རིམས་ནད་སྔོན་འགོག་བྱེད་པའི་ཐད་ཡུན་རིང་བཀག་རྒྱ་བསྡམས་ནས་མི་མང་བཟང་བཙོན་དུ་འཇུག་པའི་བྱ་ཐབས་དེ་རིགས་གཞི་རྩའི་ཆ་ནས་མཇུག་བསྒྲིལ་ཟིན་ཡོད།
ཡིན་ནའང།རྒྱ་ནག་གཅིག་པུས་ད་དུང་ཐབས་ཤེས་དེ་རང་བེད་སྤྱོད་བྱེད་བཞིན་ཡོད་པ་སྟེ། རྒྱ་ནག་གི་མི་འབོར་མང་ཤོས་དང་དཔལ་འབྱོར་དར་རྒྱ་ཆེ་ཤོས་ཡིན་པའི་ཧྲང་ཧའེ་གྲོང་ཁྱེར་དེ་ཟླ་ངོ་གཅིག་ཙམ་ཁྱིམ་སྡོད་བཀག་རྒྱའི་འོག་བཅུག་ཡོད། གནད་དོན་དེའི་ཐད་རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པས་བརྗོད་པར་གཞིགས་ན། དེ་ནི་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་གི་ཆེད་དུ་མ་ཡིན་པར་ཆབ་སྲིད་ཀྱི་དགོས་མཁོ་འབའ་ཞིག་གི་ཆེད་དུ་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད། འདིར་བརྗོད་པའི་ཆབ་སྲིད་དགོས་མཁོ་ཅེས་པའི་ཆབ་སྲིད་ཀྱི་དོན་ཅི་ཞིག་ཡིན་ནམ་ཞེ་ན། འདི་ལོའི་ལོ་མཇུག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ཉི་ཤུ་པ་སྐོང་འཚོགས་བྱ་རྒྱུ་ཡིན་པ་དང་། རྒྱུན་གཏན་གྱི་ལམ་སྲོལ་ལྟར་བྱས་ན་ད་ཐེངས་ཞི་ཅིང་ཕིང་དངོས་སུ་ལས་འཁྱུར་རྒན་ཡོལ་ཞུས་ཏེ་རང་ཉིད་ཀྱི་རྒྱུན་འཛིན་པ་ཞིག་བསྐོ་བཞག་བྱེད་ཀྱི་ཡོད། དེ་ནི་རྒྱ་ནག་གི་གྲགས་ཅན་འགོ་ཁྲིད་འདས་པོ་ཏེང་ཞའོ་ཧྤེང་གིས་མི་གཅིག་གིས་ཚེ་གང་འགོ་ཁྲིད་བྱེད་པའི་མའོ་ཙེ་ཏུང་གི་ལམ་སྲོལ་ལ་སྒྱུར་བཅོས་བྱས་པ་ཞིག་ཡིན་པ་མ་ཟད། ཏེང་ཞའོ་ཧྤེང་རང་ཉིད་དང་དེའི་རྗེས་སུ་ཅང་ཙེ་མིན་དང་། ཧུའུ་ཅིན་ཐའོ་ཡིས་ཀྱང་ལམ་སྲོལ་དེའི་ཐོག་ཤར་བསྐྱོད་བྱས་ཡོད་པ་རེད། ཡིན་ནའང་། ཞི་ཅིང་ཕིང་གིས་ལམ་སྲོལ་དེར་འགྱུར་བ་བཏང་བ་མ་ཟད། ཐ་ན་ཏེང་ཞའོ་ཧྤེང་གིས་གསར་གཏོད་བྱས་པའི་བསྒྱུར་བཅོས་སྒོ་དབྱེ་ཞེས་པའི་མིང་ཚིག་དེ་ཡང་སྔ་ལོ་ནས་རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆའི་ནང་ཧ་ལམ་མཐོང་རྒྱུ་མེད་པ་ཆགས་ཡོད། དེར་བརྟེན། རྒྱ་ནག་ནང་ཞི་ཅིང་ཕིང་གི་དུས་རབས་གསར་པ་ཞེས་པའི་རང་ལུག་གསར་གཏོད་བྱས་ཏེ་ཏེང་ཞའོ་ཕེང་དང་། ཐ་ན་མའོ་ཙེ་ཏུང་ལས་ཀྱང་ལྷག་པའི་གནས་བབ་ཅིག་བཟུང་རྒྱུ་དེ་རེད། དམིགས་ཡུལ་དེའི་དོན་དུ་ཞི་ཅིང་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཕོག་མཁན་མི་གཅིག་ཀྱང་མེད་པར་བཟོ་བའི་གཟི་བརྗིད་ཀྱི་མཚན་སྙན་རྩོད་རྒྱུ་དང་། དེ་ལ་བརྟེན་ནས་མའོ་ཙེ་ཏུང་འདས་ལོག་བྱུང་བ་ལྟར། ཞི་ཅིང་ཕིང་གིས་མུ་མཐུད་ནས་སྲིད་དབང་འཛིན་ཐུབ་པའི་ཆ་རྐྱེན་སྐྲུན་རྒྱུ་དེ་རེད།
ཡིན་ནའང་། ཧྲང་ཧའེ་གྲོང་ཁྱེར་ནང་ཁྱིམ་སྡོད་བཀག་རྒྱ་བསྡམས་པའི་བྱེད་ཕྱོགས་དེས་ཞི་ཅིང་ཕིང་གི་མངོན་འདོད་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་ཅིང་། ཟླ་ངོ་གཅིག་ལྷག་ཙམ་གྱི་རིང་ཧྲང་ཧའེ་གྲོང་མིར་འཕྲད་པའི་དཀའ་སྡུག་དང་། ཁོང་རྣམ་པ་ཚོའི་སྐྱོ་གདུང་གི་འབོད་སྒྲ་ནི་མི་རྣམས་ཀྱིས་ཚོད་དཔག་ལས་ཡོངས་སུ་འདས་པ་དང་། དེ་ཡང་ནད་ཡམས་ཀྱི་འཇིགས་པ་མ་ཡིན་པར་ཁོ་ཚོར་དུས་ཐོག་ཏུ་འབྲུ་རིགས་དང་། སྔོ་ཚལ། ཤ་སོགས་ཟ་ཆའི་རིགས་མཁོ་སྤྲོད་མ་ཐུབ་པར་ལྟོགས་ཤི་ཐེབས་རྒྱུའི་ཉེན་ཁར་སླེབས་པ་དང་། གྲོང་མི་འགའ་ཞིག་ནི་འ་ཆད་འུ་ལ་ཐུག་ནས་གད་སྙིགས་བླུག་སྣོད་ནང་ཚལ་སྙིགས་སྒྲུག་ནས་འཚོ་ཐབས་བྱེད་ཀྱི་ཡོད་པ་དང་། གཞན་ཡང་། ཛ་དྲག་ཆེ་བའི་ནད་པ་འགའ་ཤས་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱོད་ཀྱང་། ཏོག་དབྱིབས་རིམས་ནད་མེད་པའི་དཔང་ཡིག་མེད་ཚེ་སྨན་ཁང་དུ་གཏོང་གི་མེད་པ་དང་། རིམས་ནད་ཡོད་མེད་བརྟག་དཔྱད་བྱེད་སྐབས་གཞུང་ཕྱོགས་ཀྱིས་གཏན་འཁེལ་བྱས་པའི་ལམ་སྲོལ་ལྟར་འགྲོ་དགོས་ཀྱི་ཡོད་སྟབས། དེ་ལྟར་བྱས་ཚེ་རྒྱུད་རིམ་མང་པོ་ཞིག་རྒྱུད་དགོས་ཀྱི་ཡོད་པ་དང་། བར་སྟོང་དེའི་ཁྲོད་ནས་ནད་པ་མང་པོ་ཞིག་ཚེ་སྲོག་ཤོར་གྱི་ཡོད། ཐ་ན་སྨན་ཁང་འགའ་ཤས་ཀྱིས་ནད་པའི་དབུག་ཆད་ཡོད་མེད་བརྟག་དཔྱད་གསལ་པོ་མ་བྱས་པར་དུར་འཇུག་རླང་འཁོར་ནང་བླུག་ནས་དུར་སར་བསྐྱེལ་གྱི་ཡོད་ཅིང་། དུར་སར་སླེབས་སྐབས་ནད་པ་དབུག་གཏོང་བཞིན་ཡོད་པ་བརྙན་ལམ་གྱི་ཐོག་ནས་དངོས་སུ་མཐོང་རྒྱུ་ཡོད་པ་མ་ཟད། ཧྲང་ཧའེ་ནང་ལུས་པའི་ཕྱི་རྒྱལ་བ་འགའ་ཤས་རྒྱ་ནག་གི་དམ་དྲག་ཆེ་བའི་སྲིད་ཇུས་ལ་བཟོད་སྲན་མ་ཐུབ་པར་རང་ཤི་རྒྱག་པར་འགྲོ་བའི་གནས་ཚུལ་ཡང་ཐོན་བཞིན་ཡོད།
དེ་ལྟར་རིམས་ནད་ལ་གདོང་ལེན་བྱ་རྒྱུ་ཕམ་ཉེས་ཤོར་བར་བརྟེན། སྲིད་དོན་དབྱེ་པ་ཚོས་བརྗོད་པར་གཞིགས་ན། ཞི་ཅིང་ཕིང་གིས་ད་ཐེངས་ཧྲང་ཧའེ་མི་མང་ལ་འཕྲད་བཞིན་པའི་དཀའ་སྡུག་དང་རིམས་ནད་ལ་གདོང་ལེན་བྱེད་པའི་སྲིད་ཇུས་ཕམ་ཉེས་ཤོར་བ་དེ་ཞི་ཅིང་ཕིང་རང་ཉིད་དང་འབྲེལ་བ་མེད་པའི་རྣམ་པ་བསྟན་ཆེད་ཧྲང་ཧའེ་རུ་ཁྱིམ་སྡོད་བཀག་རྒྱ་བསྡམས་པ་ནས་བཟུང་ད་བར་རིམས་ནད་དང་འབྲེལ་བའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད། ཧྲང་ཧའེ་ལ་ཕམ་ཉེས་ཆེན་པོ་བྱུང་བ་དང་ཆབས་གཅིག་རྒྱ་ནག་གི་རྒྱལ་ས་པེ་ཅིང་སོགས་སུའང་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་སྟབས། པེ་ཅིང་གི་གྲོང་མི་རྣམས་ད་ཆ་རྡོ་ལེབ་སྐམ་པོའི་སྟེང་གི་གྲོག་མ་ནང་བཞིན་ཚ་གི་ཚི་གི་ཆགས་ཡོད། ཧྲང་ཧའེ་གྲོང་ཁྱེར་ནང་ཕམ་ཉེས་དང་ལས་འཛོལ་འདི་འདྲ་ཞིག་ཡོང་དགོས་དོན་ཅི་ཞིག་ཡིན་ནམ། ཧྲང་ཧའེ་དམར་ཤོག་ཚོགས་པའི་དྲུང་ཆེ་ལི་ཆང་ནི་ཞི་ཅིང་ཕིང་གི་སྙིང་ཉེ་བའི་འཐབ་གྲོགས་དང་བློས་འགེལ་ཆོག་པའི་ལས་རོགས་ཡིན་ཞིང་། ཞི་ཅིང་ཕིང་ཀྲེ་ཅང་དུ་སྡོད་རིང་སྐྱིད་སྡུག་མཉམ་མྱོང་བྱེད་མྱོང་བ་ཞིག་ཡིན་ཞིང་། ད་ལྟ་རྒྱ་ནག་དབུས་གཞུང་གི་གལ་ཆེའི་ལས་གནས་མང་པོའི་ཐོག་ཞི་ཅིང་ཕིང་ཀྲེ་ཅང་དུ་སྡོད་རིང་གི་ལས་རོགས་ཡིན་པས། ཀྲེ་ཅང་གི་གཤོག་ཁག་ཅེས་ཀྱང་འབོད་སྲོལ་ཡོད་པ་དང་། སྲིད་དོན་དབྱེ་ཞིབ་པ་འགའ་ཤས་ཀྱིས་སྔར་གྱི་སྲོལ་རྒྱུན་ལྟར་བྱས་ན། གལ་ཏེ་ཞི་ཅིང་ཕིང་གིས་རང་གི་རྒྱུན་འཛིན་པར་བསྐོ་བཞག་བྱས་ཚེ། དེ་ནི་ཧྲང་ཧའེ་དམར་ཤོག་ཚོགས་པའི་དྲུང་ཆེ་ལི་ཆང་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། ཡིན་ནའང་། ད་ཆ་སོ་སོས་གདམས་པའི་རྒྱུན་འཛིན་པར་ཡིད་མི་རང་བ་དང་། ཞིའི་རང་ཉིད་ཀྱི་འདོད་ལྟར་གྱི་ལས་དོན་སྒྲུབ་མི་ཐུབ་པ་བཅས་ཀྱི་ཐོག་ནས་བལྟས་ན། ད་ལྟའི་ཆར་རྒྱུན་འཛིན་པ་སུ་ཞིག་བསྐོ་བཞག་བྱེད་དགོས་མིན་དེ་ཡང་ཅུང་རབ་རིབ་ཀྱི་གནས་སུ་གྱུར་ཡོད་པར་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད། །