ཁ་སྔོན་ཨ་རིའི་གྲོང་ཁྱེར་ཉིའུ་ཡོག་ཏུ་རྟེེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ནས་བོད་དོན་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་བོད་ནང་གི་བོད་མི་བཞི་ལ་ལོ་ ༥ ནས་ ༢༠ བར་གྱི་ཁྲིམས་ཆད་བཏང་བའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད། དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་བོད་མི་སྐྱ་སེར་སུ་ཞིག་ཡིན་རུང་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཏང་བའི་ཉེས་མིང་འོག་ནན་པོ་དང་། མྱུར་པོ། ལྗིད་པོ་བཅས་ཀྱི་དགོངས་དོན་འོག་ཁྲིམས་ཆད་གཏོང་གི་ཡོད་པ་ལྟར། ད་ཐེངས་ཀྱི་བོད་མི་བཞི་པོ་དེ་དག་ལའང་ཁྲིམས་བཤེར་གྱི་བརྒྱུད་རིམ་དང་དག་འབུད་ཀྱི་གོ་སྐབས་སོགས་གང་ཡང་མེད་པར་ཁྲིམས་ཐག་བཅད་པ་ཞིག་རེད། དེ་ཡང་མི་ལོ་གཅིག་ལྷག་ཙམ་གོང་གི་སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༩ ཚེས་ ༤ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རྒྱལ་ནོར་བྲག་ནག་གྲོང་ཚོ་དང་བཀྲིས་སྟེང་འགྲོ་དགོན་པ་གཉིས་ལ་མཚན་མོར་ས་གནས་ཉེན་རྟོགས་པས་དགོན་པ་དང་ཁྱིམ་ཚང་ནང་སྔོག་བཤེར་བྱས་ཏེ་མཚན་མོ་དེ་རང་ལ་མི་གྲངས་ ༢༠ ལྷག་ཙམ་འཇུ་བཟུང་བྱས་ཡོད། དེ་རྗེས་ལོ་གཅིག་ཙམ་སོང་རྗེས་ཀྱི་སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༩ པར་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། གྲྭ་ཆོས་རྒྱལ་དབང་པོ་ལགས་སུ་མི་ལོ་ ༢༠ དང། གྲྭ་བློ་བཟང་སྦྱིན་པར་ལོ་ ༡༩ ། གྲྭ་ནོར་བུ་དོན་གྲུབ་ལ་ལོ་ ༡༥། གྲྭ་ངག་དབང་ཡེ་ཤེས་ལགས་སུ་ལོ་ ༥ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ད་ལྟ་ཁོང་རྣམས་གཞིས་རྩེ་གྲོང་ཁྱེར་ཉ་རི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག
སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་དགེ་འདུན་པ་དེ་དག་ལ་ཁྲིམས་ཆད་དེ་འདྲ་གཏོང་དགོས་དོན་ནི། བཀྲིས་སྟེང་འགྲོ་དགོན་པས་བལ་ཡུལ་ནང་དགོན་པ་ཞིག་བཞེངས་པ་དང་དགོན་པའི་མིང་ཐོག་ནས་བལ་ཡུལ་དུ་ས་ཡོམས་རྒྱག་སྐབས་བལ་ཡུལ་དང་བོད་མི་རྣམས་ལ་རོགས་སྐྱོར་བྱས་པའི་རྐྱེན་ལས་བྱུང་བ་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པ་དང། དེ་ཡང་གྲྭ་ཆོས་རྒྱལ་དབང་པོ་ལགས་སྤྱི་ལོ་ ༢༠༡༩ ལོར་ལྷ་སར་འགྲོ་སྐབས་ཁོང་གི་ལག་ཐོག་ཁ་པར་ཇ་ཁང་ཞིག་གི་ནང་ལྷག་པ་དང་། ཇ་ཁང་གི་བདག་པོས་ཁ་པར་དེ་སུའི་ཡིན་མིན་རྩད་གཅོད་མ་ཐུབ་སྟབས་ས་གནས་ཉེན་རྟོག་པར་སྤྲད་པ་དང་། ཉེན་རྟོགས་པས་ཁ་པར་ལ་ཞིབ་བཤེར་བྱེད་སྐབས། ཁོང་གི་ཁ་པར་གྱི་ནང་བལ་ཡུལ་དུ་གནས་ཡོད་དིང་རི་ཕྱོགས་ཀྱི་བོད་མི་འགའ་ཤས་དང་འབྲེལ་བ་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་མ་ཟད་། ད་དུང་ཁོང་གི་ཁ་པར་གྱི་ནང་༸གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་སོགས་ཡོད་པ་ཤེས་རྟོགས་བྱུང་བས་དེ་མ་ཐག་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་པ་དང། ས་གནས་རྒྱ་ནག་གཞུང་གིས་ཉེན་རྟོགས་གི་རུ་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་ཕྲལ་དུ་དིང་རི་རྫོང་བཀྲིས་སྟེང་འགྲོ་དགོན་དང་།བྲག་ནག་གྲོང་ཚོ་གཉིས་ལ་ལྐོག་འཛུལ་བྱས་ཏེ་མཚན་མོ་དེ་རང་ལ་བོད་མི་སྐྱ་སེར་བསྡོམས་པས་ཉི་ཤུ་ཙམ་འཇུ་བཟུང་བྱས་པ་རེད།