དཔེ་དེབ་མཚམས་སྦྱོར། རྣམ་སྲས་གླིང་ཆོས་སྐྱིད་དང་ཁོང་གི་བུ་མོ་བསྟན་སྒྲོལ་གྱི་མི་ཚེའི་ལོ་རྒྱུས།

རྣམ་སྲས་གླིང་ཆོས་སྐྱིད་དང་ཁོང་གི་བུ་མོ་བསྟན་སྒྲོལ་གྱི་མི་ཚེའི་ལོ་རྒྱུས།
རྣམ་སྲས་གླིང་ཆོས་སྐྱིད་ལགས་ནི་སྤྱི་ལོ་ ༡༩༣༠ ལོར་གྲོ་མོར་འཁྲུངས་པ་དང་། སྤྱི་ལོ་ ༡༩༤༤ ལོར་བོད་ཀྱི་སྡེ་དཔོན་མི་དྲག་གྲགས་ཅན་རྩིས་དཔོན་རྣམ་སྲས་གླིང་གི་མདུན་མར་ཕེབས། ཁོང་སྔ་རྗེས་སུ་རྒྱ་གར་ནང་ཐེངས་གཉིས་ཙམ་ཕེབས་མྱོང་བ་དང་། སྤྱི་ལོ་ ༡༩༥༨ ལོར་བོད་དུ་བསྐྱར་ལོག་གནང་བ་དང་། སྐབས་དེར་རྩིས་དཔོན་རྣམ་སྲས་གླིང་བོད་གཞུང་བཀའ་ཤག་གི་བཀའ་བཀོད་ལྟར་ལྷོ་ཁ་ཁུལ་དུ་ཆུ་བཞི་སྒང་དྲུག་སར་གྲོས་མོལ་གནང་བར་ཕེབས་ཟིན་སྟབས་ཕན་ཚུན་མཇལ་འཕྲད་ཀྱི་སྐལ་བ་ཙམ་ཡང་མ་བྱུང་བས། རིང་པོར་མི་ཐོགས་པའི་སྐབས་ཤིག་ནས་བོད་ས་ཡོངས་སུ་རིམ་བཞིན་དུས་འགྱུར་བྱུང་བ་དང་། ཁོང་གི་མཁར་དབང་རྒྱུ་ནོར་ཡོངས་རྫོགས་བཙན་འཕྲོག་བྱས་པའི་དབང་གིས་ཡུན་རིང་དཀའ་སྡུག་གི་གནས་སུ་གྱར་ཞིང་། དེ་རྗེས་དམངས་གཙོ་བཅོས་བསྒྱུར་དང་། གཙང་བཤེར་བཞི་ལ་སོགས་པ་ལས་འགུལ་རབ་དང་རིམ་པའི་ནང་རྡུང་རྡེགས་སྣ་ཚོགས་ཕོག་པ་དང་། མི་རིང་བར་ཁོང་གི་གཅུང་པོ་དང་བུ་ཕྲུག་ཀྱང་རིམ་བཞིན་བཙོན་དུ་ཚུད། སྤྱི་ལོ་ ༡༩༧༠ ལོར་ཁོང་རང་ཉིད་ཀྱང་གསར་བརྗེར་ངོ་རྒོལ་གྱི་ཉེས་མིང་འོག་མི་ལོ་ ༡༠ ཡི་བཙོན་འཇུག་བྱས། ཁོང་གིས་བཙོན་ཁང་ནང་བཞུགས་རིང་བཀྲེས་ལྟོགས་ཀྱི་འཚོ་བ་དང། ཟད་མཐའ་མེད་པའི་མནར་གཅོད་འོག་འཚོ་བ་སྐྱེལ་དགོས་བྱུང་ཡོད། ཞིབ་ཕྲའི་ལོ་རྒྱུས་མཁྱེན་འདོད་ན་ <<ཆོས་སྐྱིད་ཀྱི་མི་ཚེའི་སྐྱིད་སྡུག>> ཅེས་པའི་དཔེ་དེབ་དེ་གཟིགས་གནང་ཡོད་པ་ཞུ།
ཆོས་སྐྱིད་ལགས་ཀྱི་བོུ་བསྟན་སྒྲོལ་ལགས་ནི་མི་ཚེའི་འགོ་སྟོད་ཀྱི་ལོ་ ༢༢ བོད་ནང་རྒྱའི་བཙན་འོག་ཏུ་སྡོད་དགོས་བྱུང་བ་དང་། དུས་སྐབས་དེ་དག་གི་རིང་ངལ་རྩོལ་བསྒྱུར་བཀོད་ཅེེས་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་དེའི་འོག་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་དཀའ་སྡུག་མྱངས་ཡོད་པ་དང་། མའོ་ཙེ་ཏུང་འདས་གྲོངས་་སོང་བའི་རྗེས་ཏེང་ཞའོ་ཕིང་གིས་ཆབ་སྲིད་སྐྱོང་བའི་སྐབས་སུ་རྒྱ་ནག་གི་སྲིད་ཇུས་ལ་ཅུང་ཟད་དབུག་ངལ་གསོ་བའི་དུས་སྐབས་ཤིག་ཤར་བར་བརྟེན། རིང་པོར་མ་ཐོབ་པར་ཁོང་བཙན་བྱོལ་དུ་ཕེབས་འབྱོར་ཐུབ་པ་དང་། མཐར་སྤྱི་ལོ་ ༡༩༨༢ ལོར་སུད་སིར་ཁྱིམ་གཞིས་བཙུགས་པ་དང་། ཚོང་ལས་འགོ་འཛུགས་ཀྱིས་མི་ཚེ་གསར་པ་ཞིག་སྐྱེལ་འགོ་ཚུགས་ཡོད། ཞིབ་ཕྲའི་ལོ་རྒྱུས་མཁྱེན་འདོད་ན་<<བོད་ནང་དུ་བྱིས་པའི་མི་ཚེ་>>ཞེས་པའི་དཔེ་དེབ་གཟིགས་གནང་ཡོད་པ་ཞུ།