དཔེ་དེབ་མཚམས་སྦྱོར། ཁྲག་དང་མིག་ཆུས་ཁེངས་པའི་གྲྭ་བཞི་བཙོན་ཁང་།

དཔེ་དེབ་མཚམས་སྦྱོར། ཁྲག་དང་མིག་ཆུས་ཁེངས་པའི་གྲྭ་བཞི་བཙོན་ཁང་།
ལྷ་སའི་གྲྭ་བཞི་བཙོན་ཁང་ངམ་བོད་རང་སྐྱོང་ལྗོངས་བཙོན་ཁང་ཨང་དང་པོ་ནི། རྒྱ་དམར་གྱིས་བོད་མི་རྣམས་ལ་བཙན་དབང་དང་སྡུག་རྩུབ་ཀྱི་སྲིད་ཇུས་ལག་ལེན་བྱེད་སའི་བཙོན་ཁང་ཆེ་ཤོས་དེ་ཆགས་ཡོད་ཅིང་། གཤེན་རྗེའི་ཁྲིམས་རྭ་ལྟ་བུའི་བཙོན་ཁང་དེའི་མཐའ་སྐོར་དུ་རྡོ་དང་ཨར་འདམ་ལས་གྲུབ་པའི་ལྕགས་རིས་མཐའ་བསྐོར་ཏེ་ཧ་ཅང་མཐོ་བའི་ལྕགས་རིའི་ཐོག ད་དུང་ལྕགས་དྲྭས་ཞིབ་མོར་འཐེན་ཡོད་ལ། བཙོན་ཁང་གི་ཕྱོགས་བཞིར་སོ་ལྟའི་ཐོག་ཁང་རེ་ཡོད་པ་དང་། ཉིན་མཚན་མེད་པར་སྲུང་བྱ་བྱེད་མཁན་གྱི་དྲག་ཆས་སྤྲས་པའི་ཉེན་རྟོག་དམག་མིའི་དམ་དྲག་དང་ལྟ་ཞིབ་ནན་པོའི་འོག་གནས་ཡོད། བཙོན་ཁང་དེའི་རྒྱལ་སྒོ་གཉིས་པར་འབྱོར་སྐབས་ལག་ཏུ་མེ་མདའ་བཟུང་བའི་དྲག་ཆས་ཉེན་རྟོག་དམག་མིའི་སྲུང་བྱ་དང་། དོ་དམ་ལྟ་ཞིབ་ནན་པོའི་འོག་འཇིགས་སྣང་ཆེ་བའི་རྒྱལ་སྒོ་ནག་པོ་ཞིག་གི་འགྲམ་དུ་སླེབས་ཀྱི་ཡོད་པ་དང། རྒྱལ་སྒོ་དེའི་གཡས་གཡོན་ལ་བསྒྱུར་བཀོད་ལ་ཤུགས་སྣོན་ཞེས་པའི་རྒྱ་ཡིག་དམར་པོ་བྲིས་ཡོད་པ་དང། ཕྱི་མི་འགྲོ་བསྐྱོད་མི་ཆོག་པའི་ཉེན་ཟོན་གྱི་ས་ཐིག་རྒྱབ་ཡོད།
གྲྭ་བཞི་བཙོན་ཁང་ནི་བོད་རང་བཙན་གྱི་སྐབས་བོད་ཀྱི་དམག་སྡེ་ཨང་གཉིས་པ་ཁ་དང་གྲྭ་བཞི་དམག་སྒར་ཡིན་པ་དང་། དེའི་གོང་གྲོང་དྲག་དམག་སྒར་ཡིན། སྤྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་རྗེས་གྲྭ་བཞི་དམག་སྒར་དེ་གྲྭ་བཞི་བཙོན་ཁང་དུ་གྱུར། སྐབས་དེར་གྲྭ་བཞི་བཙོན་ཁང་ལ་བཙོན་པའི་གསོག་སྒར་ཟེར་བ་དང་། གྲྭ་བཞི་ལྟ་སྲུང་ཁང་ཟེར་བ་སོགས་མིང་ཁ་ཤས་ཡོད་ཀྱང། སྤྱི་ལོ་ ༡༩༦༥ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་བཙོན་ཁང་ཁག་གི་མིང་གཞུང་དང་ཨང་རིམ་གཏན་འཁེལ་བྱས་ཏེ་གྲྭ་བཞི་བཙོན་ཁང་དེ་བོད་རང་སྐྱོང་ལྗོངས་ཀྱི་བཙོན་ཁང་ཨང་དང་པོ་ཞེས་པར་གཏན་འཁེལ་བྱས། བཙོན་ཁང་དེར་ཉེས་དོན་ཉེས་གསོག་གི་བཙོན་པ་དང་། ཆབ་སྲིད་བཙོན་པ་ཞེས་རིགས་གཉིས་ཡོད་པ་དང་། ཉེས་དོན་ཉེས་གསོག་གི་བཙོན་པ་རྣམས་ངལ་རྩོལ་དོ་དམ་ལས་ཁུངས་ནས་དོ་དམ་བྱེད་ཀྱི་ཡོད་པ་དང་། ཆབ་སྲིད་བཙོན་པ་རྣམས་སྲིད་ཁྲིམས་ལས་ཁུངས་ནས་དོ་དམ་བྱེད་ཀྱི་ཡོད། ཉེས་པ་གཏན་འབེབས་ཟིན་རྗེས་བཙོན་པ་རྣམས་གྲྭ་བཞི་བཙོན་ཁང་དུ་བསྐྱལ་གྱི་ཡོད་ཅིང། གྲྭ་བཞི་བཙོན་ཁང་ནང་རྡོ་བཤགས་དང། འཚེམ་ཁང། རླངས་འཁོར་བཟོ་བཅོས། བལ་ལས། རུམ་གདན་འཐག་ལས། ཚལ་ཞིང་འདེབས་ལས། ཤིང་འབྲས་རྭ་བ། ཤིང་བཟོ་ཁང་སོས་ངལ་ལས་བྱེད་ཡུལ་འདྲ་མིན་སྣ་ཚོགས་གསར་འཛུགས་བྱས་ཏེ་བཙོན་པ་རྣམས་ལ་གླ་མེད་ཀྱི་ངལ་རྩོལ་བསྐུལ་ཏེ་གཞུང་གི་ཡོང་འབབ་གསོག་འཇོག་བྱེད་ཀྱི་ཡོད།
གྲྭ་བཞི་བཙོན་ཁང་ལ་དུས་རིམ་མི་འདྲ་བ་གཉིས་བྱུང་ཡོད་ཅིང། སྤྱི་ལོ་ ༡༩༨༠ ལོ་ཕན་ཆོད་ཀྱི་ལོ་རབས་བདུན་བཅུ་དང་དྲུག་བཅུའི་ནང་གི་བཙོན་པ་རྣམས་རྣམས་ཡིན་པ་དང་། དེ་རྗེས་མའོ་ཙེ་ཏུང་འདས་གྲོངས་སོང་བ་དང་ཏེང་ཞའོ་ཧྤེང་རྒྱ་ནག་གི་སྲིད་སྟེགས་ཐོག་སླེབས་རྗེས་མའོ་ཙེ་ཏུང་གིས་ཚེ་མཇུག་ཏུ་སྤེལ་བའི་རིག་གནས་གསར་བརྗེ་སོགས་ནོར་འཁྲུལ་གྱི་སྲིད་ཇུས་དང་བྱ་ཐབས་མང་པོར་ཡོ་བསྲངས་བྱས་ཏེ་འགྱུར་བ་ཆེན་པོ་ཞིག་བྱུང་དང་། དེ་ལ་བརྟེན་ནས་བོད་དུ་འཛིན་པའི་སྲིད་ཇུས་ལའང་ཅུང་ཟད་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་ཚུགས་ཡོད། གནས་སྟངས་དེ་འདྲའི་སྤྱི་ལོ་ ༡༩༥༩ ལོ་དང་དེའི་རྗེས་སུ་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་ཏེ་གསོན་པོར་གནས་པའི་བཙོན་པ་ཞིག་ཡིན་ཕྱིན་ཧ་ལམ་ཚང་མ་གློ་བཀྲོལ་བཏང་བ་དང། སྐབས་དེའི་བཙོན་པའི་ནང་བོད་མི་སྤྱི་དང་ལྷག་པར་དུ་བོད་ཀྱི་དེ་སྔའི་གཞུང་ཞབས་རྙིང་པ་དང་། དགོན་སྡེ་ཁག་གི་བླ་སྤྲུལ་དགེ་ཤེས་སོགས་བོད་ཀྱི་གྲགས་ཅན་གྱི་མི་སྣ་དང་ཤེས་ཡོན་ཅན་རྒྱ་ཕྲག་མང་པོ་བཙོན་ཁང་དེའི་ནང་སྡུག་སྦྱོང་སྣ་ཚོགས་མྱངས་དགོས་བྱུང་ཡོད།
དེ་རྗེས་སྤྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཉེར་གཅིག་གིས་རང་དབང་སླར་གསོའི་ཞི་རྒོལ་བྱས་པ་ནས་བཟུང་གྲྭ་བཞི་བཙོན་ཁང་ནང་རིམ་བཞིིན་བོད་ཀྱི་མི་རབས་གསར་པའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་འགོ་ཚུགས་པ་མ་ཟད། མི་རབས་གསར་པའི་ཆབ་སྲིད་བཙོན་པ་ཚོས་བཙོན་ཁང་དེའི་ནང་དུའང་ཚོགས་པ་བཙུགས་པ་དང་། སྐད་འབོད་བྱེད་པ། ཟས་བཅད་ངོ་རྒོལ། རང་དབང་སླར་གསོའི་གླུ་གཞས་གསར་རྩོམ་བྱས་པ་སོགས་དཔའ་མཛངས་ལྡན་པའི་རླབས་ཆེན་གྱི་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་ཡོད་པ་དང་། ཁོ་ཚོའི་ལས་འགུལ་དེ་དག་རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་མནར་གཅོད་དང་། ལོ་ཚད་སྤར་བ། ཐ་ན་ཁ་ཤས་སྲོག་ཁྲིམས་བཅད་པ་སོགས་ཀྱི་ལོ་རྒྱུས་ཀྱི་དོན་རྐྱེན་དེ་དག་དེབ་ཐེར་འདིའི་ནང་དུ་གསལ་པོར་བཀོད་ཡོད། དེ་ལྟར་གྲྭ་བཞི་བཙོན་ཁང་ཞེས་པའི་མིང་དེ་ཡང་རྒྱལ་སྤྱིའི་ཐོག་མིང་གྲགས་ཆེན་པོ་ཆགས་པ་དང། གཤེན་རྗེའི་ཁྲིམས་རྭ་ལྟ་བུའི་བཙོན་ཁང་དེའི་ནང་གི་བོད་མིའི་ཆབ་སྲིད་བཙོན་པའི་ལས་དབང་ལ་གདུང་སེམས་མཉམ་སྐྱེས་དང་། བཙོན་ཁང་དེའི་དོན་དངོས་ཀྱི་གནས་སྟངས་ལ་མི་མང་པོས་སྐོམ་པ་ཆུ་འདོད་ལྟར་གྱི་ཤེས་འདོད་བྱེད་ཀྱི་ཡོད།