ཞི་ཅིང་ཕིང་ལྐོག་གསོད་ཀྱི་དོན་རྐྱེན།

གསར་འགྱུར་རྒྱུད་ལམ་ཁང་གི་ནང་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་བལྟས་ན། ཞི་ཅིང་ཕིང་ལ་ད་བར་ལྐོག་གསོད་ཀྱི་དོན་རྐྱེན་ཐེངས་བདུན་ཙམ་བྱུང་ཡོད་པ་མ་ཟད། དབུས་སྒྲིག་གཤེར་ལྷན་ཁང་གི་འབྲེལ་ཡོད་ལས་དོན་མི་སྣར་ཡང་ལྐོག་གསོད་དང་འཇབ་རྒོལ་གྱི་དོན་རྐྱེན་ཐེངས་མང་ལྷག་པའི་གནས་ཚུལ་ཐོན་མུས་རེད། སྤྱི་ལོ་ ༢༠༡༣ ཟླ་ ༩ ནས་ ༢༠༡༤ ཟླ་ ༣ པའི་ཟླ་སྨད་བར་དུ་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་དང་ཞིང་ཆེན་གྱི་ཞིབ་བཤེར་ཁང་གི་དཔོན་རིགས་ ༣༠ ཚུད་པའི་འབྲེལ་ཡོད་ལས་བྱེད་ ༦༠ མ་ཟིན་ཙམ་ལ་ལྐོག་གསོད་དང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ནས་ ༢༠༡༥ ཟླ་ ༤ བར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཚོར་དྲག་རྒོལ་དང་ལྐོག་གསོད་ཀྱི་དོན་རྐྱེན་ཐེངས་ ༤༠ ལྷག་བྱུང་ཡོད་པ་། དེའི་ཁྲོད་ནས་ཝང་ཇི་ཧྲན་དམིགས་འབེན་དུ་བཟུང་བའི་དོན་རྐྱེན་ཉུང་མཐར་ཐེངས་ ༡༢ ལྷག་བྱུང་། ཝང་ཇི་ཧྲན་གྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ནས་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཀྱི་འགན་འཁུར་ཏེ། ཕྱི་ལོ་ ༢༠༡༥ ཟླ་ ༡༡ པའི་ཟླ་དཀྱིལ་བར་དུ་ཁོ་ལ་འཇིགས་སྐུལ་དང་དམར་གསོད་སྔོན་བརྡ་གཏོང་བའི་ཡི་གེ་ ༤༠༠༠ ལྷག་འབྱོར་ཡོད་པ་དང་། དེ་བཞིན་ཐུང་མདའ་དང་མདེའུ། རྫས་ངན་གྱི་སྦྲག་ཐོག་ཅ་དངོས་ ༦༠ ཙམ་དང་། སྦྲག་དངོས་ཞིབ་བཤེར་བྱས་པ་བརྒྱུད་གཏོར་རྒོལ་རང་བཞིན་གྱི་རྩ་འཛུགས་ཁག་ ༡༢ ནས་བསྐུར་ཡོད་པ་ཤེས་རྟོགས་བྱུང་སྐོར་བརྗོད་ཡོད་པ་རེད། ཞི་ཅིང་ཕིང་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་སྲིད་དམག་གསུམ་གྱི་སྲིད་ཁྲིར་མངའ་གསོལ་ནས་མི་ལོ་ཧྲིལ་པོ་བཅུ་ལ་ཉེ་བ་འདས་ཟིན། དུས་ཡུན་དེའི་རིང་རྒྱ་ནག་ནང་ཧུའུ་ཅིན་ཐའོ་དང་ཅང་ཙེ་མིན་གྱི་མི་ལོ་ཉི་ཤུ་ལྷག་ཙམ་རིང་བྱུང་མྱོང་མེད་པའི་ནང་ཁུལ་གྱི་འཐབ་རྩོད་རྣོ་ངར་ཅན་ཞིག་བྱུང་ཡོད་ལ། ཞི་ཅིང་ཕིང་གི་ཚེ་སྲོག་ལའང་ཉེན་ཁ་ཐེངས་མང་བྱུང་ཡོད། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དེ་དག་བྱས་པ་རྒྱུད་ཞི་ཅིང་ཕིང་གི་དབང་ཚད་དེ་ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་ལས་རྒལ་ཡོད་པ་མ་ཟད། ཏེང་ཞའོ་ཧྤེང་གི་ལས་ཀྱང་ལྷག་པ་ཞིག་བྱུང་ཡོད་ཅིང། རྒྱུད་རིམ་དེའི་ནང་ཞི་ཅིང་ཕིང་གི་འཐབ་གྲོགས་དང་། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་མཁན་གྱི་དཔའ་རྒོད་དུ་གྲགས་པའི་སྲིད་འཛིན་གཞོན་པ་ཝང་ཅི་ཧྲན་གྱི་རྒྱབ་སྐྱོར་དང་དཔུང་རོགས་མེད་ན་ཞི་ཅིང་ཕིང་ལ་ད་ལྟའི་གྲུབ་འབྲས་དང་རྒྱལ་ཁབ་དེ་དག་གཏན་ནས་ཐོབ་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟར་ནའང། ཉེ་ལམ་ནས་བཟུང་ཞི་ཅིང་ཕིང་གི་ལག་པ་གཡས་པ་དང་། དམ་ཚིག་གཙང་མའི་འཐབ་གྲོགས། རུལ་སུངས་ལ་རྡུང་རྡེག་གཏོང་མཁན་གྱི་དཔའ་རྒོད་ཝང་ཅི་ཧྲན་གཉིས་ཀྱི་དབར་ལ་རྣོ་ངར་ཆེ་བའི་འགལ་བ་ཐོན་བཞིན་པ་མ་ཟད། ཝང་ཅི་ཧྲན་གྱི་སྙིང་ལ་ཐུག་པའི་འཐབ་གྲོགས་མང་པོ་ཞིག་ཞི་ཅིང་ཕིང་གིས་འཇུ་བཟུང་བྱེད་འགོ་ཚུགས་ཡོད། ཉེ་ལམ་ཝང་ཇི་ཧྲན་གྱི་ཕྱག་མཛོད་ལྟ་བུའི་ཁོ་པའི་དྲུང་ཡིག་འཇུ་བཟུང་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པས། དེ་ནི་པེ་ཅིང་གི་ཆབ་སྲིད་སྡེེང་ཆའི་ཐོག་གི་འབར་གད་ཆེན་པོ་ཞིག་རེད། དེའི་སྔོན་ཙམ་ལ་ཝང་ཅི་ཧྲན་གྱི་ཁྱིམ་ཚང་དང་འབྲེལ་བ་ཆེན་པོ་ཡོད་པའི་རན་ཀྲེ་ཆང་འཇུ་བཟུང་བྱས་པ་མ་ཟད། མི་ལོ་ ༡༨ གྱི་བཙོན་འཇུག་ཁྲིམས་ཐག་བཅད། སང་ཉིན་གནས་ཚུལ་ཅི་ཞིག་ལྷག་སྲིད་དམ། ཝང་ཇེ་ཧྲན་གྱི་སེམས་པ་དེ་སྟོང་ལྷང་ལྷང་ཞིག་མི་ཆགས་པ་ག་ལ་སྲིད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་། ལྷག་པར་རྒྱ་ནག་གི་ཆབ་སྲིད་ཁྱབ་ཁོངས་ནང་རྒྱུས་མངའ་ཡོད་པའི་མི་སྣས་འགྲེལ་བརྗོད་བྱས་པར་གཞིགས་ན། དེ་སྔ་ཀྲའུ་ཡུང་ཁང་དང་སྦོའོ་ཤི་ལའེ་སོགས་ཀྱིས་དྲག་པོའི་སྲིད་བསྒྱུར་བྱས་ཏེ་ཞི་ཅིང་ཕིང་ལྐོག་གསོད་གཏོང་རྒྱུ་དང་། ལི་ཁཱ་ཆང་གནས་དབྱུང་གཏོང་རྒྱུའི་ལྐོག་ཇུས་ཤིག་བཤམས་ཡོད་ཁྱབ་གྲགས་བྱུང་ཡོད་ཀྱང་། ཞི་ཅིང་ཕིང་གི་སྲིད་དབང་ལ་ཉེན་ཁ་ཆེ་ཤོས་ནི་ཝང་ཇི་ཧྲན་རེད་ཅེས་བརྗོད་ཀྱི་ཡོད། གལ་ཏེ་ཞི་ཅིང་ཕིང་གི་ཐབ་བྱུས་ལམ་ལྷོངས་མ་བྱུང་ཚེ་ཆག་སྒོ་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་སྔོན་དཔག་བྱས་ཡོད། ག་ལྟར་འདས་པའི་ལོ་དགུ་ཙམ་གྱི་རིང་ཞི་ཅིང་ཕིང་གིས་རྒྱ་ནག་དམར་ཤོག་གི་ཏང་སྲིད་དམག་གསུམ་གྱི་དཔོན་རིགས་བརྒྱ་ཕྲག་དང་། ཁོ་ཚོའི་ཕྱོགས་ཀྱི་མི་སྣ་སྟོང་ཕྲག་མང་པོ་ཆམ་ལ་འབེབས་རྒྱུའི་འཐབ་རྩོད་དེར་གཞི་རྩའི་ཆ་ནས་རྒྱལ་ཁ་ཐོབ་ཡོད་པ་དང་། ད་ཆ་ཝང་ཇེ་ཧྲན་དང་ཁོ་པའི་ཕྱོགས་གཏོགས་རྩ་མེད་གཏོང་བའི་འཐབ་རྩོད་གསར་པ་ཞིག་འགོ་ཚུགས་པ་རེད་དམ། གལ་ཏེ། དེ་ལྟར་ཡིན་ཚེ་སང་ཉིན་གནས་ཚུལ་ཅི་ཞིག་ལྷག་སྲིད་དམ། མ་ཟད་འདི་ལོའི་རྒྱ་ནག་གི་དཔྱིད་གསར་དུས་ཆེན་གྱི་ལོ་གསར་བྱ་སྟོན་མཛད་སྒོའི་ཐོག་རྒྱལ་ཁབ་རིམ་པའི་འགོ་ཁྲིད་ལས་བྱེད་མ་གཏོགས་གཞན་སུ་ཡང་མཉམ་བཞུགས་བྱེད་ཆོག་གི་མེད་ནའང། ཞི་ཅིང་ཕིང་དང་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་བདུན་པོ་དེ་དག་དང་། དེ་མིན་གྱི་འཁྲིད་གཞན་དག་ཚོའི་དབར་ལའང་བར་ཐག་ངེས་ཅན་ཞིག་བཞག་ཡོད་པ་མ་ཟད། དེའི་དཀྱིལ་ལ་ཁ་མར་སློག་ནས་བལྟ་ཞིབ་བྱེད་མཁན་གྱི་སྐུ་སྲུང་མི་སྣ་བཞི་ཙམ་ཆེད་འཛུགས་བྱས་ཡོད་པ་དེའི་ཐོག་ནས་ཞི་ཅིང་ཕིང་ལ་ཉེན་ཁ་དང་འཇིགས་སྣང་ཇི་ཙམ་བྱེད་ཀྱི་ཡོད་མེད་གསལ་པོར་རྟོགས་ཐུབ།གོང་གི་པར་རིས་ལས་རྟགས་དམར་པོ་རྒྱབ་པ་དེ་མཛད་སྒོར་མཉམ་བཞུགས་བྱེད་མཁན་གྱི་འགོ་ཁྲིད་ཡིན་ན་ཁ་ཡར་སློག་ནས་སྡེང་ཆའི་ཐོག་གི་འཁྲབ་སྟོན་ལ་བལྟ་དགོས་པ་ལས།ཁ་མར་སློག་ནས་འགོ་འཁྲིད་ལས་བྱེད་ཚོར་བལྟ་ཞིབ་བྱེད་དགོས་དོན་མེད།ཁོང་ཚོ་ནི་ཞི་ཅིང་ཕིང་སྲུང་སྐྱོབ་བྱེད་མཁན་གྱི་མི་སྣ་རེད།