བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་

༄༅།།དེ་རིང་བོད་རྒྱལ་ལོ་ ༢༡༤༨ རབ་རྒྱན་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོའི་ཁྲུམས་ཟླའི་དབང་ཕྱོགས་དགའ་བ་གཉིས་པ། ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༥ : ༠༠ ཐོག འདི་ག་ཚོགས་པའི་ངོ་དེབ་བརྒྱུད། མི་ལོ་སོ་བཞིའི་སྔོན་གྱི་དེ་རིང་། བོད་ཀྱི་རྒྱལ་ས་ལྷ་སར་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཉེར་གཅིག་གིས་སྣེ་འཁྲིད་པའི་དགུ་པའི་ཉེར་བདུན་ལས་འགུལ་སྤེལ་བའི་གལ་ཆེའི་ཉིན་མོ་ཞིག་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་མི་རབས་གསར་པའི་ཞི་བའི་འོས་ལངས་ཀྱི་ལས་འགུལ་སྤེལ་ནས་མི་ལོ་ཧྲིལ་པོ་སུམ་ཅུ་སོ་བཞི་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཙུགས་ནས་མི་ལོ་ཧྲིལ་པོ་ ༣༠ འཁོར་བའི་རྗེས་དྲན་ཞུ་ཆེད། ཆེས་མཆོག་ཏུ་བཀུར་འོས་བཀའ་དྲིན་ཅན་གྱི་ཚོགས་གཙོ་ཟུར་པ་དང་པོ་སེར་སྨད་འོད་ཟེར་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། མཁྱེན་ཡངས་རིག་གནས་རབ་འབྱམས་སྨྲ་བ། སྐབས་གཉིས་པའི་དྲུང་ཆེ་ཟུར་པ་སྒོ་པེ་ངག་དབང་སྟོབས་ཆེན་མཆོག་རྣམ་གཉིས་དང་ལྷན་དུ། འདི་ག་ཚོགས་པའི་འདས་མ་ད་གསུམ་གྱི་ཐད་ལ་དུས་དང་འཚམས་པའི་བགྲོ་གླེང་ཞིག དུས་ཡུན་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུའི་རིང་ཞུ་གཏན་འཁེལ་བ་ལགས་ན། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་རྒྱ་ཆེའི་རྒྱལ་གཅེས་ལྷག་བསམ་ཅན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་གཙོས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་ལ་དུང་ཞེན་ཤིན་ཏུ་ཟབ་པའི་སེར་སྐྱ་མི་དམངས་རྣམ་པ་ལྷན་རྒྱས་ཀྱིས། དུས་ཐོག་ཏུ་གསན་གཟིགས་གནང་སྟེ་དུས་དྲན་ལ་སྲུང་བརྩི་དང་། འདས་གསོན་གྱི་དཔའ་བོ་དཔའ་མོ་རྣམས་ལ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་རྗེས་དྲན་ཞུས་ཐོག ཁོང་རྣམ་པའི་རླབས་ཆེན་ཕུགས་བཞེད་མྱུར་དུ་འགྲུབ་ཏེ་བོད་གཞིས་བྱེས་མཉམ་འཛོམ་གྱི་བདེ་སྐྱིད་ཉི་མ་ཤར་ནས། ༸གོང་ས་སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་ཕོ་བྲང་དམར་པོ་པོ་ཏ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སོར་བདེ་བར་འཁོད་དེ་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་འགྲོ་ཀུན་འཕྲལ་ཡུན་གྱི་ཕན་བདེའི་དཔལ་ལ་སྦྱོར་གནང་ཡོང་བའི་སྨོན་འདུན་གྲངས་མེད་དང་བཅས། མཐའ་དོན་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་ཡུན་ནས་ཡུན་དུ་བརྟན་པར་ཤོག བོད་རྒྱལ་ལོ།།