དཔོན་ཆེན་གཉིས་ཚར་གཅོད་བྱས་འདུག་

ཉིན་ཤས་རིང་མི་རྣམས་ཀྱིས་གླེང་བཞིན་པ་ནི་རྒྱ་ནག་གི་སྲིད་སྟེགས་ཐོག་སླར་ཡང་འབར་གད་རང་བཞིན་གྱི་ས་ཡོམས་ཆེན་པོ་གཉིས་བརྒྱབ་ཡོད་པ་སྟེ། ཟླ་ ༩ ཚེས་ ༣༠ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ནས་སུན་རླིས་ཅུན་དངོས་སུ་འཛིན་བཟུང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། གཞུང་འབྲེལ་གྱི་གསལ་བསྒྲགས་ནང་སུན་རླིས་ཅུན་གྱིས་རང་གི་གོ་གནས་དང་དབང་ཆ་བེད་སྤྱོད་ལོག་པ་བྱས་ཏེ་ཚབས་ཆེའི་སྒྲིག་འགལ་ཁྲིམས་འགལ་བྱས་ཡོད་པ་དང་། ཉེས་གསོག་གི་ངོ་བོ་ཚབས་ཆེ་བ་དང་མཇུག་འབྲས་ངན་པ་ཡིན་པ། འཚོ་བ་དང་སྤྱོད་ཚུལ་རུལ་སུངས་སུ་གྱུར་བ་སོགས་ནན་བརྗོད་བྱས་ཡོད། སུན་རླིས་ཅུན་དངོས་སུ་འཛིན་བཟུང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་རྗེས་ཀྱི་ཉིན་གཉིས་ཀྱི་རྗེས་སྟེ། ཟླ་ ༡༠ ཚེས་ ༢ ཉིན་སླར་ཡང་རྒྱ་ནག་སྲིད་ཁྲིམས་ལྷན་ཁང་འགན་འཛིན་གཞོན་པ་ཟུར་པ་ཧྤུ་ཀྲང་ཧྭ་ཚབས་ཆེའི་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞིའི་འོག་འཇུ་བཟུང་བྱས་ཡོད། དབུས་སྲིད་ཁྲིམས་ལྷན་ཁང་དང་ཉེན་རྟོག་ལྷན་ཁང་གི་སྟག་རྒོད་གཉིས་དེ་ལྟར་ཁྲིམས་ཀྱི་དྲ་བར་ཚུད། གནས་ཚུལ་འདི་གཉིས་ཐོན་མ་ཐག་རྒྱ་ནག་དང་འབྲེལ་བའི་རྒྱལ་སྤྱིའི་གླེང་སྟེགས་ཁག་ཙམ་མ་ཟད། ཐ་ན་རྒྱ་ནག་རྒྱལ་ནང་དུའང་གནད་དོན་འདིའི་ཐད་ཚ་ཚ་འུར་འུར་ཐོག་ནས་བགྲོ་གླེང་བྱེད་བཞིན་ཡོད། ཡང་སྙིང་གནད་དོན་འདིར་མི་རྣམས་ཀྱིས་དེ་ལྟ་བུའི་དོ་སྣང་བྱེད་དགོས་དོན་ཅི་ཞིག་ཡིན་ནམ། དེ་ཡང་ཐོག་མར་འཛིན་བཟུང་ཁྱབ་བསྒྲགས་བྱས་ཟིན་པའི་སུན་རླིས་ཅུན་ཟེར་བ་དེ་མི་གང་འདྲ་ཞིག་ཡིན་པ་དང་། ཁོ་པའི་གོ་གནས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས། གལ་ཏེ་ཁོ་པ་ཕྱོགས་གཏོགས་གང་རུང་ཞིག་གི་མི་ཡིན་ཚེ་སུའི་ཕྱོགས་གཏོགས་ཡིན་མིན་སོགས་ལ་དབྱེ་ཞིབ་བྱས་ཚེ་གཞི་ནས་གནད་དོན་འདི་དག་ནི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཙམ་མ་ཡིན་པར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འགལ་བ་དང་འཐབ་རྩོད་ཀྱི་རྣམ་པ་དེ་གསལ་པོར་མཐོང་ཐུབ་ངེས་རེད། དེ་ཡང་སུན་རླིས་ཅུན་ནི་སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༤ ཚེས་ ༡༩ ཉིན་རྒྱ་ནག་དབུས་སྒྲིག་བཤེར་ཁང་གིས་ཉེས་གསོག་གི་དོགས་གཞིའི་འཇུ་བཟུང་བྱས་པ་ཞིག་རེད། སུན་རླིས་ཅུན་ནི་སྤྱི་ལོ་ ༡༩༦༩ ལོར་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་རུ་སྐྱེས་པ་དང་། སྤྱི་ལོ་ ༡༩༩༧ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འཛུལ་བཞུགས་བྱས་ཡོད། འཇུ་བཟུང་མ་བྱས་གོང་ཁོ་པ་ནི་རྒྱ་ནག་དབུས་ཉེན་རྟོག་ཁང་གི་འགན་འཛིན་གཞོན་པ་དང་། ༦༡༠ གཞུང་ལས་ཁང་གི་འགན་འཛིན་གཞོན་པའི་འགན་འཁུར་བཞིན་ཡོད། དུས་ཡུན་རིང་པོའི་ནང་རྒྱ་ནག་དབུས་སྤྱི་བདེ་ཉེན་རྟོག་ལས་ཁུངས་སུ་ལས་ཀ་བྱས་ཡོད་ཅིང། དུས་ཡུན་དེའི་རིང་དབུས་ཉེན་རྟོག་ཁང་གི་འགན་འཛིན་ཟུར་པ་རྨང་ཅན་ཀྲའུ་ཡིས་གསོ་སྐྱོང་དང་སྦྱང་བརྡར་འོག་འཚར་ལོངས་བྱུང་བ་མ་ཟད། རྨང་ཅན་ཀྲའུ་ཡི་དྲུང་ཡིག་ཀྱང་བྱེད་མྱོང་ཡོད། སུན་རླིས་ཅུན་འཇུ་བཟུང་བྱས་པ་དང་ལམ་སེང་རྒྱ་ནག་དབུས་ཉེན་རྟོག་ཁང་གི་འགན་འཛིན་མཐོ་ཤོས་ཀྲའོ་ཁཱ་ཀྲེ་ཡེས་རྒྱལ་ཡོངས་སྤྱི་བདེ་ཉེན་རྟོག་པའི་ཛ་དྲག་གི་ཚོགས་འདུ་སྐོང་འཚོགས་བྱས་ཏེ་སུན་རླིས་ཅུན་འཇུ་བཟུང་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། ཚོགས་ཐོག་ཏུ་ཀྲའོ་ཁ་ཀྲེ་ཡིས་ཀྲའུ་ཡུང་ཁང་དང་རྨང་ཧུང་ཝུའིུ་བསམ་བློའི་དུག་རྒྱུན་གཙང་སེལ་བྱེད་དགོས་ཅེས་ནན་བརྗོད་བྱས་ཡོད། དེ་ལ་བལྟས་ན་སུན་རླིས་ཅུན་འཇུ་བཟུང་བྱེད་དགོས་དོན་ནི་རྩ་མེད་བཟོས་ཟིན་པའི་ཀྲའུ་ཡུང་ཁང་དང་འབྲེལ་བ་ཡོད་པ་གསལ་པོ་ཡིན་པ་དང་། ཀྲའུ་ཡུང་ཁང་ནི་ཞི་ཅིང་ཕིང་གི་དགྲ་བོ་ཆེ་ཤོས་དེ་ཆགས་ཡོད། སུན་རླིས་ཅུན་འཇུ་བཟུང་མ་བྱས་གོང་རྒྱ་ནག་ཧུའུ་ཧན་དུ་ཏོག་དབྱིབས་རིམས་ནད་ཐོན་ནས་དབུས་གཞུང་གིས་རིམས་ནད་སྔོན་འགོག་སོགས་ཀྱི་ལས་དོན་སྒྲུབ་ཆེད་དབུས་ཉེན་རྟོག་ཁང་གི་ཚོགས་ཆུང་ཆེད་འཛུགས་ཀྱིས་མངགས་གཏོང་བྱས་ཡོད་པ་དང། སུན་རླིས་ཅུན་དེའི་འགོ་འཁྲིད་ལ་བསྐོ་བཞག་བྱས་པ་མ་ཟད། རིང་པོར་མ་སོང་བར་ཞི་ཅིང་ཕིང་ཝུའུ་ཧན་དུ་ཆེད་བསྐྱོད་བྱེད་པའི་སྐབས་སུའང་སྔོན་འགྲོའི་ལས་དོན་གྲུབ་པའི་དབང་ཆ་ཡོད་ཚད་སུན་རླིས་ཅུན་ལ་སྤྲད་ཡོད། འཕེལ་རིམ་འདི་རིགས་ལ་བལྟས་ན་སྐབས་དེར་ཞི་ཅིང་ཕིང་གིས་སུན་རླིས་ཅུན་ལ་ཡིད་ཆེས་དང་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་པ་དེ་གསལ་པོ་མཚོན་ཐུབ། ཡིན་ནའང། ཟླ་བ་གཅིག་ཙམ་ལས་མ་སོང་བར་ཞི་ཅིང་ཕིང་གིས་ཡིད་ཆེས་དང་གདེང་འཇོག་བྱ་སའི་དཔོན་ཆེན་དེ་རྟ་ཐོག་ནས་ལྷུངས་དགོས་དོན་ཞིག་ཡིན་ནམ། དབུས་ཉེན་རྟོག་ཁང་གིིས་ཚོགས་འདུའི་ཁྱབ་བསྒྲགས་བྱས་པའི་ནང། སུན་རླིས་ཅུན་གྱིས་དུས་ཡུན་རིང་པོའི་ནང་ཚབས་ཆེའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བརྟེན་ནས་ལྡོག་མེད་ཀྱི་འབྲས་བུ་སྨིན་པ་རེད་ཅེས་འཁོད་ཡོད། ཚབས་ཆེའི་སྒྲིག་འགལ་ཁྲིམས་འགལ་དང་ཀྲའུ་ཡུང་ཁང་གི་དུག་རྒྱུན་གཙང་སེལ་ཞེས་པའི་བརྗོད་ཚིག་ལ་བལྟས་ན། སུན་རླིས་ཅུན་གྱི་གནད་དོན་ནི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཙམ་མ་ཡིན་པར་ཁྱོད་ཤི་ང་གསོན་གྱི་དབང་ཆའི་འཐབ་རྩོད་ཀྱི་གནད་དོན་གཅིག་ཡིན་པ་གསལ་པོ་ཆགས་ཡོད། དབང་ཆའི་འཐབ་རྩོད་ཅེས་པ་ནི་ཞི་ཅིང་ཕིང་རྩ་མེད་བཟོ་རྒྱུ་དང་། ཡང་ན་དྲག་ཆས་སྲིད་བསྒྱུར་བྱས་ཏེ་སྲིད་གཞུང་གསར་པ་གསར་འཛུགས་བྱ་རྒྱུ་དེ་རེད། དེར་བརྟེན། སུན་རླིས་ཅུན་གྱི་གནད་དོན་ནི་ངོ་བོ་དེ་འདྲ་ཞིག་རེད། དེ་ནས་སུན་རླིས་ཅུན་དངོས་སུ་འཛིན་བཟུང་བྱས་པའི་ཉིན་གཉིས་ཀྱི་རྗེས་སུ་ཉེས་གསོག་གི་དོགས་གཞིིའི་འོག་འཇུ་བཟུང་བཀག་ཉར་བྱས་པའི་ཧྤུང་ཀྲང་ཧྭ་ཞེས་པ་དེ་ཡང་སྙིང་མི་གང་འདྲ་ཞིག་ཡིན་པ་དང་། ཁོ་པ་འཇུ་བཟུང་བྱེད་དགོས་པའི་གནད་དོན་དེ་ངོ་བོ་ཇི་འདྲ་ཞིག་རེད་དམ་ཞེ་ན། ཧྤུ་ཀྲང་ཧྭ་ནི་སྤྱི་ལོ་ ༡༩༥༥ ལོར་ཧྭ་པའེ་རུ་སྐྱེས་པ་དང་། སྤྱི་ལོ་ ༡༩༧༠ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འཛུལ་བཞུགས་བྱས་པ་དང་། རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གི་འགན་འཛིན་གཞོན་པ་དང་། ༦༡༠ གཞུང་ལས་ཁང་གི་འགན་འཛིན་བྱེད་མྱོང་བ་རེད། ལས་ཀའི་རྒྱབ་ལྗོངས་ཀྱི་ཐོག་ནས་བལྟས་ན་ཉེན་རྟོག་དང་སྲིད་ཁྲིམས་ལྷན་ཁང་གི་ཁྱབ་ཁོངས་གཅིག་གི་ནང་དུ་གནས་ཡོད་པ་མ་ཟད། ལྷག་པར་དུ་སུན་རླིས་ཅུན་དང་ཧྤུ་ཀྲང་ཧྭ་གཉིས་ཀ་ ༦༡༠ གཞུང་ལས་ཁང་གི་གནས་ཡོད་མི་སྣ་ཆགས་ཡོད་པ་སྟེ། ཧྤུ་ཀྲང་ཧྭ་གཞུང་ལས་ཁང་དེའི་འགན་འཛིན་ཡིན་པ་དང་། སུན་རླིས་ཅུན་ནི་འགན་འཛིན་གཞོན་པ་རེད། དེར་བརྟེན་ཁོ་གཉིས་ཀྱི་གྱོད་དོན་དེ་གཉིས་ཀྱི་དབར་ལ་འབྲེལ་བ་མེད་པ་ཅི་ལ་སྲིད། ༦༡༠ གཞུང་ལས་ཁང་ཟེར་བ་དེ་ནི་སྤྱི་ལོ་ ༡༩༩༩ ལོར་ཅང་ཙེ་མིན་གྱིས་ཆོས་འཁོར་སྒོམ་སྒྲུབ་དང་དམངས་གཙོ་དོན་གཉེར་བ་ཚོར་དྲག་གནོན་བྱ་ཆེད་གསར་འཛུགས་བྱས་པ་ཞིག་རེད། ཧྤུ་ཀྲང་ཧྭ་ཡི་གནས་ཚུལ་དེ་སུན་རླིས་ཅུན་གྱི་གནས་ཚུལ་དང་འབྲེལ་བ་ཡོད་ན། སུན་རླིས་ཅུན་ནི་ཀྲའུ་ཡུང་ཁང་གི་དུག་རྒྱུན་དུ་གཏན་འཁེལ་བྱས་ཟིན་པས། དེ་ལ་བལྟས་ན་ཧྤུ་ཀྲང་ཧྭ་ཀྲང་ཧྭ་ཡང་སྟག་རྒན་ཀྲའུ་ཡུང་ཁང་གི་ཕྱོགས་གཏོགས་རེད་དམ། དེ་སྔ་ཨ་རིར་གནས་སྡོད་རྒྱ་ནག་གི་འབྱོར་ལྡན་ཚོང་པ་ཀོའོ་ཝན་ཀུའི་ཡིས་སུན་རླིས་ཅུན་དང་ཧྤུ་ཀྲང་ཧྭ་སོགས་རིང་པོར་མ་ཐོག་པར་འཛིན་བཟུང་བྱ་རྒྱུ་རེད་ཅེས་སྔོན་དཔག་བྱས་པར་བལྟས་ན་ཚོང་པ་ཀོའོ་ཝན་ཀུའི་སྡོན་དཔག་དེ་ལྷ་བླའི་ལུང་བསྟན་ལས་ལྷག་པ་ཞིག་རེད་འདུག མ་ཟད་དེ་རིང་ཁང་སང་གི་རྒྱ་ནག་གི་གནས་ཚུལ་དང་འབྲེལ་བའི་གསར་འགྱུར་ཁག་ལ་བལྟས་ན། ད་དུང་སྟག་རྒན་རྨང་ཅན་ཀྲའུ་དང་ཙང་ཆིང་ཧུང་སོགས་རིན་མིན་འཇུ་བཟུང་བྱེད་ཀྱི་རེད་ཟེར་བའི་གནས་ཚུལ་ཐོན་བཞིན་འདུག