ཕྱིར་བསྐྱོད་མི་ཐུབ་པའི་ཞི་ཅིང་ཕིང།

འདས་པའི་ལོ་ངོ་གཉིས་ལ་ཉེ་བའི་རིང་ཞི་ཅིང་ཕིང་ཕྱིའི་རྒྱལ་ཁབ་ཁག་ལ་གཏན་ནས་བསྐྱོད་མེད་ལ། ཐ་ན་ཨེ་ཀྲ་ལིའི་རྒྱལ་ས་རོམ་དུ་སྐོང་འཚོགས་བྱས་པའི་ཡར་ཐོན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་ཐོག་ཏུའང་ཚོགས་བཅར་ཞུས་མེད་ལ། ཡང་དབྱིན་ཇིའི་སི་གོ་ལན་ཀྲིར་སྐོང་འཚོགས་བྱ་རྒྱུའི་གོ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་སུའང་བཅར་རྒྱུ་མིན་པའི་གནས་ཚུལ་ཐོན་ཡོད། གང་དུ་གོ་སྐབས་ཡོད་ན་སྐོམས་པ་ཆུ་འདོད་ལྟར་རྩོད་ལེན་བྱེད་མཁན་གྱི་རྒྱ་ནག་གི་ངོས་ནས་བཤད་ན་དེ་ནི་ཡ་མཚན་སྐྱེ་དགོས་པ་ཞིག་ཆགས་ཡོད་ལ། ཞི་ཅིང་ཕིང་གི་ངོས་ནས་བཤད་ན་དེ་བས་ཀྱང་ཡ་མཚན་སྐྱེ་དགོས་པ་ཞིག་ལོས་ཡིན། གནད་དོན་འདི་དག་གི་ཐད་དཔྱད་བརྗོད་པ་ཚོས་བསམ་ཚུལ་སྣ་ཚོགས་འདོན་བཞིན་ཡོད། དེ་ཡང་འཆར་ལོའི་ལོ་མཇུག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ཉི་ཤུ་པ་སྐོང་འཚོགས་བྱ་རྒྱུ་ཡིན་པ་དང། ཚོགས་ཐོག་ཏུ་ཞི་ཅིང་ཕིང་གིས་མུ་མཐུད་ནས་སྲིད་དབང་བཟུང་རྒྱུ་མ་ཟད། ཞི་ཅིང་ཕིང་གི་དུས་རབས་གསར་པའི་བསམ་བློ་ཞེས་པ་དེ་དམར་ཤོག་ཚོགས་པའི་སྒྲིག་ཡིག་ནང་བཀོད་ནས་ཞི་ཅིང་ཕིང་གི་དབང་ཆ་དང་གནས་བབ་སྔར་བས་སྲ་བརྟན་དུ་གཏོང་རྒྱུའི་དམིགས་ཚད་བཟུང་ཡོད་པ་དང། དམིགས་ཚད་དེ་དག་ལེགས་གྲུབ་ཡོང་དགོས་ན། ཟླ་༡༡ ཚེས་ ༨ ཉིན་ནས་བཟུང་ཉིན་ཤས་རིང་སྐབས་བཅུ་དགུ་པའི་རྒྱ་ནག་དམར་ཤོག་གི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ་སྐོང་འཚོགས་བྱ་རྒྱུ་ཡིན་པ་དང་། ད་ཐེངས་ཀྱི་ཚོགས་འདུ་དེ་ནི་འཆར་ལོའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ཉི་ཤུའི་སྐབས་ཀྱི་འཆར་གཞི་དེ་དག་ལེགས་གྲུབ་ཡོང་མིན་གྱི་འགག་རྩར་ཐུག་ཡོད། དེའི་རྐྱེན་གྱིས་ཞི་ཅིང་ཕིང་དེང་སྐབས་དམར་ཤོག་ཚོགས་པ་ནང་ཁུལ་གྱི་འགལ་བ་དང་འཐབ་རྩོད་ཀྱི་ཁྲོད་ནས་ཕྱིར་བསྐྱོད་བྱ་རྒྱུའི་དུས་ཚོད་མེད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་ནས་ཁ་བྲལ་ཚེ་དུས་འཐུང་ནས་གནས་ཚུལ་གང་ཡོང་མིན་ཚོད་དཔག་མི་ཐུབ་པའི་གནས་ལ་སླེབས་ཡོད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད། ད་དུང་དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་དེ་སྔ་ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་ཡི་སྐབས་དཔལ་འབྱོར་ལས་དོན་དང་འབྲེལ་བའི་འཛིན་སྐྱོང་གི་དབང་ཆ་ངེས་ཅན་ཞིག་ས་གནས་དང་གཞི་རིམ་ལ་སྤྲད་ཡོད་པར་བརྟེན། ད་ཆ་སྤྲད་ཟིན་པའི་དབང་ཆུ་དེ་དག་ཡང་དབུས་གཞུང་གིས་སྟངས་འཛིན་འོག་འགྲོ་དགོས་པའི་ཐག་གཅོད་བྱ་རྒྱུའི་སྔོན་རྟགས་གསལ་པོ་ཆགས་ཡོད་པ་སོགས་གནད་དོན་སྣ་མང་ལ་བརྟེན་ནས་ཕྱི་རྒྱལ་དུ་འཚམས་གཟིགས་སུ་འགྲོ་བའི་དུས་ཚོད་མེད་ལུགས་བརྗོད་ཀྱི་ཡོད། དེ་ཡང་ཉིན་ཤས་རིང་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་རྒྱུད་ལམ་ཁག་གི་ནང་རྒྱ་ནག་གཞུང་གིས་གཤམ་འོག་ལ་སྤྲད་ཟིན་པའི་དབང་ཆ་རྣམས་དབུས་གཞུང་གིས་བསྐྱར་དུ་བསྡུ་ལེན་བྱེད་དགོས་པའི་རྩོམ་ཡིག་སྤེལ་བཞིན་ཡོད་པ་དང་། རྩོམ་ཡིག་དེ་དག་འབྲི་མཁན་དང་སྤེལ་མཁན་གྱི་ཚན་པ་ཡང་གཞུང་འབྲེལ་གྱི་གལ་གནད་ཆེ་བའི་ཚན་པ་ ཤ་སྟག་ཆགས་ཡོད། རྩོམ་ཡིག་གཅིག་གི་ནང་རྒྱ་ནག་གི་ཧན་རྒྱལ་རབས་སྐབས་ཀྱི་ཆབ་སྲིད་ཐབ་ཇུས་མཁས་པ་ཞིག་གིས་ས་གནས་ཀྱི་དཔོན་རིགས་ཚོས་ཁྲིམས་འགོ་རང་བཙན་ལྟ་བུའི་དབང་ཆ་བཟུང་གི་ཡོད་པ་དེ་དག་བཀག་བསྡོམས་བྱས་པའི་ཐབ་ཇུས་ཀྱི་རིག་ལམ་དེ་དག་ལུང་འདྲེན་བྱས་ཡོད་པ་དང་།རྒྱལ་ཁབ་ཀྱི་དཔལ་འབྱོར་སྲིད་ཇུས་སོགས་ལ་དབུས་གཞུང་གིས་སྟངས་འཛིན་མ་བྱས་ཚེ་མི་མང་གི་ཡོང་འབབ་དང་དབུལ་ཕྱུག་གི་ཧེ་བག་ཇེ་ཆེར་སོང་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་ལ་ཉེན་ཁ་ཡོད་ཅེས་ཕྱོགས་བསྡོམས་བྱས་ཡོད། ཡང་དབུས་ནོར་སྲིད་དང་དཔལ་འབྱོར་ལས་དོན་ཁང་གི་ཉམས་ཞིབ་པ་ཞིག་གིས་སྤེལ་བའི་རྩོམ་ཡིག་ནང་འདི་ལྟར་འཁོད་ཡོད་པ་སྟེ། ལོ་རབས་དགུ་བཅུ་པ་རྣམས་བཟུང་རྒྱ་ནག་གི་ཤར་ལྷོའི་མཚོ་རྒྱུད་ས་ཁུལ་གྱི་ཞིང་གྲོང་ཁག་གིས་མ་རྩ་འཛུགས་འཇོག་གིས་མཚོན་པའི་ལས་དོན་མང་པོ་ཞིག་དབུས་གཞུང་གི་འཆར་འགོད་སྲིད་ཇུས་དང་རྒྱབ་འགལ་ཆགས་ཡོད་པ་དང་། ས་གནས་མང་པོ་ཞིག་གིས་མཁའ་རླུང་འབག་བཙོག་བཟོ་བའི་བཟོ་གྲྭ་ཁག་ལ་མ་རྩ་བཙུགས་ནས་དབུས་གཞུང་གི་མཁའ་རླུང་གཙང་མ་བཟོ་བའི་སྲིད་ཇུས་དང་རྒྱབ་འགལ་གྱི་ཐོག་ནས་དབང་ཆ་ཧམ་འཕྲོགས་བྱས་ལུགས་ཀྱི་དཔྱད་བརྗོད་བྱས་ཏེ་གཞི་རིམ་གྱི་དབང་ཆ་དེ་དག་ཕྱིར་བསྡུ་བྱེད་དགོས་པའི་རྣམ་པ་བསྟན་ཡོད། ཡང་དཔྱད་བརྗོད་ཀྱི་རྩོམ་ཡིག་འགའ་ཤས་ནང་ཧན་རྒྱལ་རབས་ཀྱི་ཆབ་སྲིད་དང་རིག་པའི་གཞུང་ལུགས་མཁས་ཅན་ཞིག་གི་ལྟ་ཚུལ་ལུང་འདྲེན་བྱས་ཡོད་པ་སྟེ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཆ་རྣམས་དབུང་གཞུང་གིས་བཟུང་ནས་ས་གནས་ཀྱི་ས་བདག་ཚོར་སྟངས་འཛིན་བྱས་པའི་འདོད་ཚུལ་དེ་དག་ལུང་འདྲེན་བྱས་ཡོད། རྒྱལ་ཁབ་ཞིག་བརྟན་ལྷིང་དང་ཆིག་བསྒྲིལ་ཡོང་བར་ངེས་པར་དུ་དབུས་གཞུང་གི་དབང་ཆ་རྣམས་སྲ་བརྟན་དང་བརྟན་ལྷིང་ཡོད་དགོས་པ་དང་། དབུས་གཞུང་གིས་ངེས་པར་དུ་ས་གནས་ཁག་ལ་སྟངས་འཛིན་ནན་པོ་བྱེད་དགོས། དཔེར་ན། ལུས་པོས་ལག་ངར་ལ་སྟངས་འཛིན་བྱེད་པ་དང། ལག་ངར་གྱིས་འཛུབ་མོར་སྟངས་འཛིིན་བྱེད་པ་ནང་བཞིན་རེད་ཅེས་བརྗོད་ཡོད། ཡང་རྩོམ་ཡིག་ནང། རྒྱ་ནག་ཐང་རྒྱལ་རབས་ཀྱི་སྐབས་སུ་དབང་ཆ་འགའ་ཤས་ས་གནས་དང་གཞི་རིམ་ལ་སྤྲད་པའི་དབང་གིས་བློན་ཆེན་དང་དམག་དཔོན་འགའ་ཤས་དབུས་གཞུང་ལ་བློ་ལོག་པ་དང་། ས་གནས་ཀྱི་དཔོན་རིགས་ལ་བློ་དཀར་གཞུང་དྲང་བྱེད་མཁན་ཆགས་ནས་ཐང་རྒྱལ་རབས་ཀྱི་སྲིད་དབང་རྩ་འཐོར་འགྲོ་བའི་རྒྱུ་རྐྱེན་ཆགས་པ་དང། དབུས་གཞུང་གིས་སྟངས་འཛིན་མེད་ན་ཕྱུགས་པོ་རྣམས་སྔར་བས་ཇེ་ཕྱུགས་སུ་འགྲོ་བ་དང་། དབུལ་པོ་རྣམས་སྔར་བས་དབུལ་ཕོངས་ཆགས་པ། གནས་སྟངས་དེ་འདྲའི་འོག་ས་གནས་ཀྱི་དཔོན་རིགས་དང་ས་བདག་ཚོས་གཤོག་ཁག་དཔུང་བསྒྲིལ་གྱི་ཐོག་ནས་དབུས་གཞུང་ལ་གྱེན་ལོག་བྱས་ཏེ་སྲིད་དབང་མགོ་རྟིང་སློག་པའི་ལོ་རྒྱུས་ཀྱི་བསླབ་བྱ་མང་པོ་ཞིག་ལུང་འདྲེན་བྱས་ཡོད། གོང་གསལ་གྱི་རྩོམ་ཡིག་དང་དཔྱད་བརྗོད་དེ་དག་ནི་ཉེ་ལམ་ཞི་ཅིང་ཕིང་གིས་ཐུན་མོང་ཕྱུག་གྱུར་ཞེས་པའི་འཆར་གཞི་དེ་དག་ལག་ལེན་བྱེད་པའི་ཐབས་ཤེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་དེ་སྔ་ལོ་རབས་བརྒྱད་བཅུ་པའི་འགོ་སྟོད་དུ་ཏེང་ཞའོ་ཕེང་གིས་མི་ཁག་གཅིག་དང་ས་ཁུལ་ཁག་གཅིག་སྔོན་ལ་ཕྱུག་པོ་ཆགས་པ་བྱེད་དགོས་པའི་རིག་ལམ་ཞིག་གསལ་སྟོན་བྱས་ཡོད་པ་དང་། དེ་ཡང་སྐབས་དེའི་རྒྱ་ནག་གི་ཤར་ལྷོའི་མཚོ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་མང་པོ་ཞིག་དཔལ་འབྱོར་དམིགས་བསལ་ས་ཁུལ་ཞེས་པའི་སྲིད་ཇུས་དང་ཐབས་ཇུས་ཀྱི་འོག་ནས་འཛིན་སྐྱོང་བྱས་པ་དང། དེ་ལ་བརྟེན་ནས་ས་ཁུལ་དེ་དག་ཡར་རྒྱས་འགྲོ་བའི་མྱུུར་ཚད་ནི་ཧ་ལས་དགོས་པ་ཞིག་བྱུང་ཡོད། དེར་བརྟེན། དེང་སྐབས་ཞི་ཅིང་ཕིང་གི་ཐུན་མོང་ཕྱུག་གྱུར་ཞེས་པའི་སྲིད་ཇུས་དེ་ནི་ཏེང་ཞའོ་ཕེང་གི་རིག་ལམ་དེ་དག་ལས་རྒྱབ་འགལ་བྱས་པ་ཞིག་ཡིན་ལུགས་འགྲེལ་བརྗོད་བྱེད་མཁན་ཡང་ཡོད། ཡང་དཔྱད་བརྗོད་པ་འགའ་ཤས་ཀྱིས་ཞི་ཅིང་ཕིང་དུས་ཡུན་ལོ་ངོ་གཉིས་ལ་ཉེ་བའི་རིང་ཕྱི་རྒྱལ་དུ་བསྐྱོད་མེད་པ་དེ་ནི་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འགལ་བ་དང་འཐབ་རྩོད་ཀྱིས་རྐྱེན་པས་ཧ་ལམ་ཕྱི་རྒྱལ་དུ་འགྲོ་གློད་མི་བཟོད་པ་ཆགས་ཡོད་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད།