ཟླ་ ༡༡ ཚེས་ ༢ ཉིན་རྒྱ་ནག་དབུས་ཚོང་དོན་ལྷན་ཁང་སོགས་གཞུང་འབྲེལ་གྱི་རྒྱུད་ལམ་ཁག་གི་ནང་ཡ་མཚན་ཆེ་བའི་བརྡ་ཁྱབ་གཅིག་བཏང་ཡོད་པ་དང་། གསལ་བསྒྲགས་དང་བརྡ་ཐོའི་ནང་དོན་ལ་བལྟས་ན། རྒྱ་ནག་གིས་ཐའེ་ཝན་ལ་དམག་རྒྱག་རྒྱུའི་གྲ་བསྒྲིགས་བྱེད་བཞིན་པའི་དོགས་པ་བྱེད་མཁན་ཡང་ཡོད། དེ་ཡང་བརྡ་ཐོའི་ནང་ས་གནས་ཁག་གི་ཚོང་དོན་སྡེ་ཁག་ནས་ཆབ་སྲིད་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་། མ་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན། མཁོ་སྤྲོད་བརྟན་སྲུང་གི་ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། འདི་ལོའི་དགུན་ཁ་ནས་སང་ལོའི་དཔྱིད་ཀ་བར་འདང་ངེས་ཀྱི་འབྲུ་རིགས་དང་། སྔོ་ཚལ། ཤ་རིགས་གསོག་འཇོག་ཡག་པོ་བྱེད་དགོས་པའི་ནན་བརྗོད་བྱས་ཡོད། འབྲེལ་ཡོད་ཕྱོགས་ཚང་མས་ཆབ་སྲིད་ལ་ཚད་མཐོའི་སྣང་ཆེན་གྱི་ཐོག་ནས་སྔོ་ཚལ་གསོག་འཇོག་བྱེད་པར་སྔོན་ཚུད་ནས་ཉོ་སྒྲུབ་བྱེད་དགོས་པ་དང། ཚོང་ཟོག་གི་འབྱུང་ཁུངས་གཏན་འཁེལ་བྱེད་དགོས་པ། བྱང་ཕྱོགས་དང་ལྷོ་ཕྱོགས་བར་གྱི་ཚལ་རིགས་མཁོ་སྤྲོད་དང་བརྗེ་རེས་བྱེད་པའི་འབྲེལ་མཐུད་ལེགས་པོ་གཉེར་དགོས་པ། བྱང་ཕྱོགས་ཞིང་ཆེན་ཁག་གིས་ལོ་འཁོར་འདིའི་ནང་གི་དགུན་དཔྱིད་གཉིས་ཀྱི་སྔོ་ཚལ་གསོག་འཇོག་གི་འཆར་གཞི་དུས་ཐོག་ཏུ་ལེགས་གྲུབ་བྱེད་དགོས། ཞིང་ལས་ཐོན་རྫས་ཆེ་གྲས་འགྲོ་རྒྱུག་བྱེད་པའི་ཁེ་ལས་དང་། སྔོ་ཚལ། འབྲུ་སྣུམ། སྒོ་ཕྱུག ཁྱིམ་བྱ་གསོ་སྤེལ་སོགས་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་དང་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ་དང་། ལྷོ་ཕྱོགས་ཀྱི་ཞིང་ཆེན་ཁག་གིས་རང་ངོས་ཀྱི་གནས་ཚུལ་ལ་གཞིགས་ནས་སྔོ་ཚལ་གསོག་འཇོག་དང་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། ཤ་རིགས་དང་སྔོ་ཚལ་སོགས་འཚོ་བའི་མཁོ་སྤྲོད་དུས་ཐོག་ཏུ་མཁོ་འདོན་བྱས་ཏེ་ཚོང་རའི་མཁོ་སྤྲོད་ཁ་གསབ་དང་། གཏོང་སྤྲོད་དྲ་ཚིགས་ལེགས་སྒྱུར་། གཏོང་སྤྲོད་ཐབས་ལམ་ཤར་གཏོང་ནུས་ལྡན་ཡོང་བར་འགན་ལེན་ཏག་ཏིག་བྱེད་དགོས་པ། ཚོང་རའི་ཚོང་ཟོག་གི་ཆ་འཕྲིན་དང་རིན་གོང་གི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་དགོས་པ་དང་། ལས་གནས་འགན་འཁྲིའི་ལམ་ཤུགས་ཆེར་གཏོང་བ་། ཚོུད་ ༢༤ ཡི་ལས་རེས་དང་འགོ་ཁྲིད་སྣེ་ཁྲིད་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས་པ་སོགས་ནན་བརྗོད་བྱས་ཡོད། དབུས་ཚོང་དོན་ལྷན་ཁང་གི་གསལ་བསྒྲགས་ཀྱི་བརྡ་ཐོ་འདི་ཁྱབ་བསྒྲགས་བྱས་མ་ཐག་མི་མང་པོ་ཞིག་དོགས་གཞི་སྣ་མང་བྱེད་བཞིན་ཡོད་པ་སྟེ། དེང་རབས་ཁྲོམ་རའི་འགྲོ་ལུགས་ལྟར་ན་མི་ཚང་མས་སྔོ་ཚལ་དང་། ཤ་རིགས། འབྲུ་རིགས་སོགས་དུས་ཚོད་འཐུང་ཤོས་ཀྱི་ནང་ནས་ཉོ་སྒྲུབ་བྱེད་པ་ལས་དུས་ཡུན་རིང་པོ་ནང་དུ་གསོག་འཇོག་བྱེད་སྲོལ་མེད་པ་དང་། དེ་བས་སྔོ་ཚལ་དང་ཤིང་འབྲས་ཀྱི་རིགས་ཡིན་ཕྱིན་ཉིན་ལྟར་གསོས་པ་གསོས་པ་ཉོ་སྒྲུབ་བྱེད་ཀྱི་ཡོད་པས། འདི་ལོའི་དགུན་ཁ་ནས་སང་ལོའི་དཔྱིད་ཀ་བར་འདང་ངེས་ཀྱི་སྔོ་ཚལ་དང་། ཤ་རིགས་སོགས་གསོག་འཇོག་བྱེད་དགོས་དོན་ཅི་ཡིན་ནམ་ཞེས་དོག་དྲི་བྱེད་ཀྱི་ཡོད། ཕལ་ཆེར་འདི་ནིས་ཐེ་ཝན་ལ་དམག་རྒྱག་རྒྱུའི་སྔ་ལྟས་མིན་ནམ་ཞེས་བརྗོད་མཁན་ཡང་ཡོད། ཡང་སྤྱི་ཚོགས་དཔྱད་བརྗོད་པ་འགའ་ཤས་ཀྱིས་ཕྱོགས་གཉིས་པོའི་གནས་སྟངས་དེ་ཧ་ཅང་ཛ་དྲག་པོ་ཆགས་ཡོད་ནའང་། རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་ལ་ཐད་ཀར་དམག་འཁྲུག་རྒྱག་མི་སྲིད་སྟེ། ད་ལྟའི་རྒྱ་ནག་གི་དམག་དོན་གྱི་སྟོབས་ཤུགས་དེ་ཇི་ཙམ་ཆེན་པོ་ཡོད་ནའང་། ཐེ་ཝན་སྲུང་སྐྱོབ་བྱེད་མཁན་གྱི་ཨ་རིའི་དེང་རབས་ཀྱི་དམག་དོན་སྟོབས་ཤུགས་དང་། དེ་བས་འགྲན་ཟླ་བྲལ་བའི་ཨ་རིའི་མཁའ་མཚོའི་དམག་གྲུའི་ཁྱུ་ཚོགས་དང་བསྡུར་ན་མི་དམངས་བཅིངས་འགྲོལ་དམག་གིས་སྔར་བཞིན་འགྲན་རྒོལ་མི་ཐུབ་ཅེས་བརྗོད་ཀྱི་ཡོད། ཡིན་ནའང། དེང་སྐབས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཡར་རྒྱས་འགྲོ་བའི་ཚད་གཞི་ཧ་ཅང་མྱུར་པོ་ཡིན་པ་དང། ལྷག་པར་དུ་ཉིན་ཤས་གོང་རྒྱ་ནག་གཞུང་གིས་མྱུར་ཚད་མགྱོགས་ལ་ཤུགས་དྲག་ཆེ་བའི་གོ་མཚོན་གསར་པ་ཞིག་ཚོད་ལྟ་ལེགས་གྲུབ་བྱུང་ཡོད་པ་དང། ད་ཐེངས་ཀྱི་མཚོན་ཆ་ཚོད་ལྟ་བྱས་མ་ཐག་ཨ་རི་སོགས་འཛམ་གླིང་རྒྱལ་ཁབ་མང་པོས་གནད་དོན་དེར་དེ་སྔ་དང་མི་འདྲ་བར་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་པ་དང་། མཚོན་ཆ་དེའི་མྱུར་ཚད་དང་ཤུགས་དྲག་སོགས་ཀྱི་ཐོག་ནས་བལྟས་ན་དེ་ནི་སྒྲ་ཚད་ལས་རྒལ་བའི་མཚོན་ཆ་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་ཀྱང། རྒྱ་ནག་གཞུང་གིིས་ད་ཐེངས་ཀྱི་མཚོན་ཆ་དེ་ནི་རྒྱུན་གཏན་གྱི་མེ་ཤུགས་འཕུར་མདེལ་དང་འདྲ་མཚུངས་ཡིན་པ་ལས་སྒྲ་ཚད་ལས་རྒལ་བའི་མཚོན་ཆ་རྩ་བ་ནས་མིན་ཅེས་ཁས་ལེན་གཏན་ནས་བྱེད་ཀྱི་མེད། ཡིན་ནའང་། ཨ་རི་གཙོས་པའི་རྒྱལ་ཁབ་མང་པོས་རྒྱ་ནག་གིས་སྒྲ་ཚད་ལས་རྒལ་བའི་མཚོན་ཆ་གསར་བཟོ་ལེགས་གྲུ་བྱས་ཡོད་པའི་དོགས་པ་དང་འཇིགས་སྣང་བྱེད་ཀྱི་ཡོད། སྒྲ་ཚད་ལས་རྒལ་བའི་མཚོན་ཆ་ཞེས་པ་དེ་ཡང་སྙིང་ཅི་ཞིག་ཡིན་ནམ་ཞེ་ན། དེ་ནི་རྒྱུན་གཏན་གྱི་མེ་ཤུགས་འཕུར་མདའ་སོགས་མཚོན་ཆ་གཞན་དག་དང་གཏན་ནས་མི་འདྲ་བར་། མགྱོགས་ཚད་ཀྱི་ཐོག་ནས་བཤད་ན་རྒྱུན་གཏན་གྱི་མེ་ཤུགས་འཕུར་སོགས་ལས་ལྡབ་ལྔ་དྲུག་གི་མྱུར་ཚད་མགྱོགས་པ་དང་ཤུག་དྲག་ཆེ་བ་ཡོད་པ་མ་ཟད། མཚོན་ཆ་དེ་འཕེན་གཏོང་བྱས་ཚེ་སུ་ཀྱང་བཀག་ཐུབ་ཀྱི་མེད། དེང་སྐབས་མེ་ཤུགས་འཕུར་མདེལ་སོགས་རྒྱང་འབེན་གྱི་མཚོན་ཆ་མང་པོ་ཞིག་བར་སྣང་ཐོག་ནས་སྲུང་སྐར་གྱི་མ་ལག་བེད་སྤྱོད་བྱས་ཏེ་གཏོར་ཐུབ་ཀྱི་ཡོད་པས། ལག་རྩལ་དེ་རིགས་ཡོད་པའི་རྒྱལ་ཁབ་ཚོས་ཕ་རོལ་པོས་དུས་གཅིག་ལ་མེ་ཤུགས་འཕུར་མདེལ་རྒྱ་ཕྲག་མང་པོ་འཕེན་གཏོང་བྱས་ཀྱང་འཇིགས་སྣང་གཏན་ནས་བྱེད་དགོས་ཀྱི་མེད། དཔེར་ན། འདི་ལོའི་ལོ་འགོར་པ་ལིི་སི་ཀྲན་གྱི་ཧ་མ་སི་དྲག་སྤྱོད་པས་དབྱི་ཛི་རལ་ལ་མཚན་ཐོག་གཅིག་ལ་མེ་ཤུགས་འཕུར་མདེལ་ ༡༥༠༠ ཙམ་འཕངས་ཡོད་ཀྱང། དབྱི་ཛི་རིལ་གྱི་འཕུར་འགོག་ལྕགས་ཀྱི་རྒྱབ་ཕིབས་ཀྱིས་བཀག་ཐུབ་པར་བརྟེན་གཏོར་རྒོལ་གང་ཡང་བྱེད་ཐུབ་ཀྱི་མེད། ཡིན་ནའང། སྒྲ་ཚད་ལས་རྒལ་བའི་མཚོན་ཆ་གསར་པ་དེ་ད་བར་སུས་ཀྱང་བཀག་འགོག་ཐུབ་ཀྱི་མེད།