སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༡༡ ཚེས་ ༡༥ ཉིན། བཙན་འོག་ཏུ་ཡོད་པའི་རྩོམ་པ་པོའི་ཉིན་མོར་སྲུང་བརྩི་ཞུ་བའི་དུས་ཚོད་དང་སྟབས་བསྟུན། འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འཆར་ཅན་སྤེལ་མུས་ཡིན་པའི་བཙན་འོག་གི་རྩོམ་པ་པོར་རྗེས་དྲན་ཞུ་བའི་སྙན་ངག་གི་མཚན་མོ་ཞེས་པའི་ལས་འགུལ་དེ་འདི་ག་ཚོགས་པའི་རླུང་རྟ་ཐོག་ཁང་གི་ཡང་སྟེང་དུ་གཟབ་རྒྱས་ངང་དབུ་འཛུགས་ཞུས་ཡོད། ཐེངས་འདིའི་ལས་འགུལ་ཐོག་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་དང་སྐུ་ཚབ་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་དང་། ལྷག་པར་དུ་སྙན་ངག་ལ་དུང་བ་ཟབ་པའི་རྩོམ་པ་པོ་ཇི་སྙིད་ཅིག་ཕེབས་འབྱོར་གནང་བ་མ་ཟད། ལས་འགུལ་གྱི་བརྗོད་བྱའི་ནང་དོན་དང་འབྲེལ་བའི་སྙན་ངག་སྒྲོག་སྦྱང་གནང་བ་སོགས་ཐེངས་འདིའི་ལས་འགུལ་ཕུན་གསུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད་པ་མ་ཟད། དེ་དང་ཆབས་ཅིག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་མཆོག་ནས་ཉེ་ཆར་འདི་ག་ཚོགས་པས་པར་སྐྲུན་ཞུས་པའི་ << ཇོ་མོ་གླ་མའི་ཁོར་ཡུག་ཏུ་ཁྲག་དྲི་བྲོ་བའི་དྲག་གནོན་རིམ་པར་བྱུང་བའི་བསྡོམས་ཚིག་དྲན་པའི་མེ་ལོང་།>> ཞེས་པའི་ཆེད་དེབ་དེ་དབུ་འབྱེད་གནང་ཡོད།