འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་རྒན་གྲས་ངག་དབང་དགེ་ལེགས་ལགས་སྤྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༦ ཉིན་རང་ཁྱིམ་དུ་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ང་ཚོས་ངག་བསྡམས་ནས་མྱང་ངན་གྱི་གུས་འདུད་ཞུ་རྒྱུ་མ་ཟད། ཚེ་རབས་ནས་ཚེ་རབས་བར་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྗེས་འཛིན་དུ་སྐྱེ་བའི་སྨོན་ལམ་གྲངས་མེད་ཞུ་བཞིན་ཡོད། ཁོང་ནི་ཁམས་ལྕགས་ར་དཔལ་འབར་ནས་ཡིན་པ་དང་། སྤྱི་ལོ་ ༡༩༥༩ ལོའི་རྒྱ་རྒོལ་ལས་འགུལ་ནང་མཉམ་བཞུགས་བྱས་པའི་དབང་གིས་རྒྱ་གཞུང་གིས་བཙོན་འཇུག་བྱས། འདས་གྲོངས་མ་སོང་སྔོན་གྱི་བདུན་ཕྲག་ཁ་ཤས་གོང་གཟུགས་གཞི་བདེ་མིན་གྱི་ཕྲན་བུའི་གནས་སྟངས་ཞིག་བྱུང་བ་དང་། སྐབས་དེར་བཞུགས་སྒར་བདེ་ལེགས་སྨན་ཁང་བསྟེན་གཏུགས་བྱས་པར་སྨན་ཁང་ནས་ཀྱང་ཛ་དྲག་གི་ནད་གཞི་སོགས་གང་ཡང་མེད་ལུགས་གསལ་སྟོན་གནང་སྟབས་རང་ཁྱིམ་དུ་ཕྱིར་ལོག་གནང། གང་ཉིད་འཚོ་ཞིང་བཞུགས་པའི་རིང་འདི་ག་ཚོགས་པའི་ངོས་ནས་ད་བར་འཚོ་སྣོན་དང་རྒན་ཕོག་སོགས་ཆད་མེད་གསོལ་བརྩལ་གནང་བ་མ་ཟད། ཉིན་དགུང་གསོལ་ཚིག་ཀྱང་རྒྱུན་ལས་དང་ལས་བྱེད་མཉམ་དུ་སྤྱི་ཐབ་ནས་ཐད་ཀར་བཞེས་ཆོག་པའི་དམིགས་བསལ་གྱི་མཐུན་རྐྱེན་གནང་ཡོད། གང་ཉིད་འདས་གྲོང་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག་འདི་ག་ཚོགས་པའི་རྒྱུན་ལས་དང་ལས་བྱེད་ཚང་མ་འདས་མཇུག་གི་ལས་སྒོ་ཁག་གི་ནང་མཉམ་བཞུགས་ཀྱིས་དེ་རིང་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ལྔ་པའི་ཐོག་སྐུ་ཕུང་ཞུགས་འབུལ་བཏང་ཡོད། འདས་པོ་གང་ཉིད་ཀྱི་རྒྱལ་གཅེས་ལྷག་བསམ་གྱི་སྙིང་སྟོབས་དང་། མི་རིགས་ལ་བཅངས་པའི་ལར་ཞེན་ནི་ང་ཚོ་ཕྱི་རབས་པ་ཚོས་དུས་གཏན་དུ་མིག་དཔེ་བལྟ་དགོས་པ་ཞིག་ཆགས་ཡོད།