བོད་ཀྱི་གྲགས་ཅན་གྱི་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ནམ་ཚ་བ་ཁམས་པ་མཆོག ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༢ ཉིན། བོད་ཀྱི་རྒྱལ་ས་ལྷ་སར་འདས་གྲོངས་སུ་ཕྱིན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག རྒྱལ་གཅེས་བཙོན་ཟུར་དམ་པ་ཁོང་ནི། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ནས་ཡིན་པ་དང་། ལོ་རབས་བརྒྱད་བཅུ་པའི་མགོ་སྟོད་དུ་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་དགོན་ཆེན་དུ་དམ་པའི་ཆོས་ཀྱི་སྒོར་ཞུགས་གནང་བ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་ནས་རྩོམ་འབྲི་གནང་བའི་<<མི་རབས་གསར་པའི་ལང་ཚོའི་མདུན་ལྗོངས་>>ཞེས་པའི་ནང་དམ་པ་ཁོང་གི་ལོ་རྒྱུས་འཁོད་དོན། སྤྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་ལྷ་སའི་འབྲས་སྤུངས་དགོན་པའི་དགེ་འདུན་པས་སྣེ་འཁྲིད་གནང་བའི་ཞི་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་བ་དང་། སྐབས་དེའི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་འཇུ་བཟུང་བྱས་ཏེ་ཟླ་བ་བཞི་ཙམ་བཀག་ཉར་བྱས་པ་དང་། དེ་ནས་གློད་བཀྲོལ་བཏང་རྗེས་སླར་ཡང་བོད་རང་བཙན་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་དང་། བོད་རང་བཙན་གྱི་ཚོགས་པའི་ནང་མཉམ་ཞུགས་དང་རྒྱལ་མཚམས་བརྒལ་བ་སོགས་ཀྱི་གནས་ཚུལ་འོག སྤྱི་ལོ་ ༡༩༨༩ ལོའི་ཟླ་ ༥ ཚེས་ ༡༣ ཉིན། འགྲམ་འགག་སྒོ་ནས་འཇུ་བཟུང་བྱས་ཏེ་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་བདེ་ལས་ཁུངས་ཀྱིས་བཀག་ཉར་བྱས་པ་དང་། ལོ་དེའི་ཟླ་ ༡༡ ཚེས་ ༢༨ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་གྲོང་ཁྱེར་ལྷ་སའི་མི་དམངས་སྲིད་གཞུང་གི་ཚོགས་ཁང་དུ་མི་དམངས་ ༡༥༠༠ ལྷག་ཙམ་ཡོད་པའི་ཁྲིམས་རྭར་བཅད་ཁྲ་ཡོངས་བསྒྲགས་བྱས་ཏེ་དུས་བཀག་བཙོན་འཇུག་མི་ལོ་ ༡༧ གྱི་ཁྲིམས་ཐག་བཅད་པ་དང་། ཆབ་སྲིད་དབང་ཆ་ལོ་ ༥ བཙན་འཕྲོག་བྱས་ཡོད་འདུག སྤྱི་ལོ་༡༩༩༠ ལོའི་ཟླ་ ༡ ཚེས་ ༡༤ ཉིན་གྲྭ་བཞི་བཙོན་ཁང་དུ་ཉེས་འགེལ་བཙོན་འཇུག་བྱས་ཡོད་ཅིང་། དེ་དང་ཆབས་ཅིག་ཁོང་གི་ཕྱག་རོགས་སྐུ་ཞབས་སྐལ་བཟང་ཐུབ་སྟོབས་ལགས་གྲྭ་བཞི་བཙོན་ཁོང་དུ་བཙོན་འཇུག་བྱེད་པའི་སྐབས་ཉིན་ཞིག་བཙོན་ཁང་གི་དོ་དམ་ལས་བྱེད་པས་ཡིག་ཚང་དུ་སྐད་བཏང་བ་དང་དྲི་བརྩད་སོགས་བྱས་ཏེ་ཉལ་ཁང་དུ་སླེབས་རྗེས་སྐད་ཆ་སོགས་བཤད་མི་ཐུབ་པར་དེ་མ་ཉིད་དུ་འདས་གྲོངས་སུ་ཕྱིན་རེད། མི་ལོ་བཅུ་བདུན་གྱི་བཙོན་འཇུག་དུས་ཡུན་རྫོགས་ནས་བཙོན་གྲོལ་ཐོབ་རྗེས་ལྷ་ས་བཀའ་འགྱུར་པར་ཁང་དུ་དཔེ་ཆ་ཞུ་དག་བཏང་ནས་རང་འཚོའི་ལས་ལ་གཞོལ། དམ་པ་གང་ཉིད་ང་ཚོ་དང་ཞལ་བྲལ་ཡང་ཁོང་གིས་རང་གི་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་འགྱུར་མེད་ཀྱི་ལྷག་བསམ་དང་། རྒྱལ་གཅེས་ཀྱི་བསམ་པ་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་སྐྱེས་པའི་ལྷ་ཤིང་གི་ཤུག་པ་ཞིག་དང་འདྲ་བར་དུས་གཏན་དུ་ང་ཚོའི་སེམས་ནང་འགྱུར་བ་མེད་པར་གནས་ངེས་རེད།