རྒྱ་ནག་པེ་ཅིང་དུ་སྐོང་འཚོགས་བྱེད་བཞིན་པའི་དགུན་དུས་ཨོ་གླིང་ཧྤིག་རྩེད་འགྲན་མཇུག་བསྒྲིལ་བ་དང་དེ་མ་ཉིད་དུ་ཕུ་ཀྲིན་གྱིས་ཡུག་རན་གྱི་མངའ་ཁོངས་སུ་ཡོད་པའི་མངའ་སྡེ་གཉིས་རང་བཙན་ཡིན་པའི་ཁྱབ་བསྒྲགས་བྱས་པ་དང་། ཕྱོགས་མཚུངས་མངའ་ཁུལ་དེ་གཉིས་ཀྱི་ནང་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དཔུང་ཡང་མངགས་གཏོང་བྱས་ཡོད། མ་ཟད་ཕུ་ཀྲིན་གྱིས་རྒྱལ་ཡོངས་སུ་གཏམ་བཤད་བྱས་པའི་ནང་། མ་ཞི་ནས་ཡུག་རིང་ནི་ལོ་རྒྱུས་ཐོག་ཨུ་རུ་སུའི་མངའ་ཁོངས་འཁྲུལ་མེད་ཅིག་རེད་ཅེས་བརྗོད་ཡོད་པས། ཕུ་ཀྲེན་གྱི་སྐད་ཆ་དེ་ནི་རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་ནི་ལོ་རྒྱུས་ཐོག་རྒྱ་ནག་གི་མངའ་ཁོངས་ཡིན་པའི་སྐད་ཆ་དེ་གཉིས་གཅིག་མཚུངས་ཡིན་སྟབས། ཕན་ཚུན་རམ་འདེགས་དང་རྒྱབ་སྐྱོར་བྱེད་རེས་བྱས་ཏེ་ཕྱོགས་གཉིས་ཀས་སོ་སོའི་དམིགས་ཡུལ་གྲུབ་ཀྱི་ཡོད་པ་གསལ་པོ་རེད། དེ་དང་ཕྱོགས་མཚུངས་ཕུ་ཀྲེན་གྱི་བྱ་སྤྱོད་དེས་རྒྱ་ནག་ལ་ལྡོག་ཕྱོགས་ཀྱི་མིག་དཔེ་གཞན་ཞིག་ཀྱང་བསྟན་ཡོད་པ་སྟེ། ཕུང་ཀྲེན་གྱིས་རང་བཙན་ཁྱབ་བསྒྲགས་བྱས་པའི་མངའ་ཁུལ་དེ་གཉིས་ཀྱི་ནང་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དཔུང་བཏང་བ་དེ་དང་། ཨ་རིས་ཞི་བདེ་སྲུང་སྐྱོབ་ཀྱི་དོན་དུ་ཐེ་ཝན་དུ་དམག་དཔུང་བཅའ་སྡོད་བྱས་པ་དེ་གཉིས་ཀྱང་ངོ་བོ་གཅིག་མཚུངས་ཆགས་ཡོད། ད་ཆ་ཨ་རིས་གཙོས་པའི་ནུབ་གླིང་རྒྱལ་ཁབ་ཁག་གིས་ཕུང་ཀྲིན་གྱི་ཐག་གཅོད་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང། ཚད་གཞི་མཐོ་བའི་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུ་དང། ཐ་ན་དམག་རྒྱག་རྒྱུའི་རྣམ་འགྱུར་ཡང་སྟོན་བཞིན་ཡོད། ཡིན་ནའང་། ཕུ་ཀྲིན་གྱིས་ཡུག་རིང་ལ་དངོས་སུ་དམག་དོན་གྱི་བྱ་སྤྱོད་སྤེལ་འགོ་ཚུགས་ཀྱང་ཨ་རིས་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཡུག་རིང་ལ་དམག་དོན་གྱི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུའི་རྟགས་ཚན་ཅི་ཡང་མེད་ལ། ཡུག་རིང་སྲིད་འཛིན་གྱིས་གཏམ་བཤད་སྤེལ་བའི་ནང། འགག་རྩའི་དུས་སུ་ཨ་རིས་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ང་ཚོ་གཡུགས་ནས་ཕྱིན་སོང་ཞེས་བརྗོད་ཡོད། གནས་སྟངས་འདི་འདྲ་ཞིག་གི་སྐབས་རྒྱ་ནག་གི་ངོས་ནས་དུས་ཀྱི་འགྱུར་ལྡོག་དེའི་ཁྲོད་ནས་ཐེ་ཝན་ལ་དམག་རྒྱག་རྒྱུའི་གོ་སྐབས་ལ་སྒུག་ནས་བསྡད་ཡོད། དེ་ཡང་ད་རེས་ཕུ་ཀྲིན་གྱི་བྱ་སྤྱོད་ལ་རྒྱ་ནག་གི་རྒྱབ་སྐྱོར་བྱ་རྒྱུ་དགོས་མཁོ་ཆེན་པོ་ཆགས་ཡོད་པ་ལྟར། རྒྱ་ནག་གི་ཕྱོགས་ནས་ཀྱང་ཕུ་ཀྲིན་གྱི་ཐག་གཅོད་དེར་རྒྱབ་སྐྱོར་བྱས་པ་མ་ཟད། ཉེ་ལམ་སྟོབས་ཆེའི་རྒྱལ་ཁབ་ཁག་གི་སྐུ་ཚབ་འཐུས་མིས་ཚོགས་འདུ་སྐོང་འཚོགས་བྱེད་སྐབས་རྒྱ་ནག་གི་སྐུ་ཚབ་འཐུས་མིས་ཡུག་རན་གྱི་གནད་དོན་ཧ་ཅང་རྙོགས་འཛིངས་ཆེ་བའི་གནད་དོན་ཞིག་ཡིན་པས། ང་ཚོས་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་བསམ་བློ་བཏང་ནས་ཐག་གཅོད་བྱེད་དགོས་ཞེས་བརྗོད་ཡོད་པས། ལང་ཕྱོགས་དེས་ཨ་རི་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ལང་ཕྱོགས་ལ་དགག་པ་རྒྱབ་པ་གསལ་པོ་རེད། གནས་སྟངས་དེ་འདྲའི་སྐབས་རྒྱ་ནག་གིི་ངོས་ནས་ཨུ་རུ་སུས་རྒྱ་ནག་ལ་ཆ་རྐྱེན་བཏོན་པ་ལྟར། རྒྱ་ནག་གིས་ཀྱང་དེ་དང་གཅིག་མཚུངས་ཀྱིས་ཨུ་རུ་སུས་ཐེ་ཝན་གཅིག་གྱུ་བྱ་རྒྱུར་རྒྱབ་སྐྱོར་དགོས་པའི་ཆ་རྐྱེན་དེ་གཅིག་མཚུངས་སུ་འདོན་ངེས་རེད་ལ། ཕུ་ཀྲིན་གྱིས་ཀྱང་དེ་ལ་རྒྱབ་སྐྱོར་བྱེད་ངེས་རེད། གནས་སྟངས་དེ་འདྲ་ཞིག་ཆགས་ཚེ་ཨ་རིས་ཐེ་ཝན་སྲུང་སྐྱོབ་ཀྱི་དོན་དུ་ཡོད་ཚད་བློས་གཏོང་བྱེད་སྲིད་དམ། ཐེ་ཝན་གྱི་གནད་དོན་དེ་རྒྱ་ནག་གིས་ད་བར་ཐག་གཅོད་མ་ཐུབ་པའི་ཀྲེན་ནད་ལྟ་བུ་ཞིག་ཆགས་ཡོད། རྒྱ་ནག་གི་མི་རབས་དང་པོ་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕེང། ཅང་ཙེ་མིན། ཧུའུ་ཅིན་ཐའོ་ཚང་མས་འབད་བརྩོན་ཡོད་ཚད་བྱས་ཡོད་ཀྱང་ཐེ་ཝན་གནད་དོན་དེ་སྔར་བཞིན་ཐག་གཅོད་ཐུབ་མེད། ཡིན་ནའང། ཕུ་ཀྲེན་གྱིས་འཛམ་གླིང་ཐོག་སྔར་མེད་ཀྱི་རྒྱལ་ཁབ་གཉིས་གསར་གཏོད་བྱས་པ་དང། ཡུག་རིང་ལ་དམག་དོན་གྱི་བྱ་སྤྱོད་སྤེལ་བ་མ་ཟད། ཨ་རིས་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུ་ཙམ་ལས་ཅི་ཡང་བྱེད་ཐུབ་ཀྱི་མེད་སྟབས། རྒྱ་ནག་གི་ངོས་ནས་བཤད་ན་ཐེ་ཝན་ལ་དྲག་པོའི་དཔུང་འཇུག་བྱ་རྒྱུའི་གདེང་ཚོད་གསར་པ་ཞིག་སླེབས་ཡོད། ཡུག་རིན་ལ་མི་འབོར་ས་ཡ་ ༤༡ ལྷག་ཙམ་དང་མངའ་སྡེ་ཁྱོན་ ༢༤ ཡོད་ཅིང༌། ཕུ་ཀྲེན་གྱིས་གསལ་བསྒྲགས་བྱས་པའི་རང་བཙན་རྒྱལ་ཁབ་དེ་གཉིས་ལ་ཨུ་རུ་སུའི་ངོས་ནས་གཞུང་ཚབ་གཏོང་ལེན་གྱི་ཕྱི་འབྲེལ་གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་གསལ་སྟོན་བྱས་ཡོད་པ་མ་ཟད། ཨུ་རུ་སུའི་མཐུན་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་ཀྱང་རང་བཙན་ཡིན་པར་རྒྱབ་སྐྱོར་བྱ་རྒྱུའི་རྣམ་འགྱུར་གསལ་སྟོན་བྱས་ཡོད། རིང་པོར་མ་ཐོག་པར་རྒྱ་ནག་གིས་ཀྱང་དེ་དང་གཅིག་མཚུངས་ཀྱིས་རྒྱལ་ཁབ་དེ་གཉིས་དང་ཕྱི་འབྲེལ་གསར་འཛུགས་བྱེད་ངེས་རེད། དེ་ལྟར་བྱས་ཚེ་ཨུ་རུ་སུ་དང་རྒྱ་ནག་གི་མཉམ་འབྲེལ་སྟོབས་ཤུགས་ལ་བརྟེན་ནས་རང་བཙན་རྒྱལ་ཁབ་གཉིས་གསར་དུ་བཟོས་པ་མ་ཟད། དེ་དང་ཕྱི་འབྲེལ་གསར་འཛུགས་བྱེད་ཕོད་པའི་བློ་ཁོག་དང་སྤོབས་པ་ཡོད་ན། ཨ་རིས་གཙོས་པའི་སྟོབས་ཆེའི་རྒྱལ་ཁབ་ཁག་གིས་ཐེ་ཝན་དང་ཕྱི་འབྲེལ་གསར་འཛུགས་བྱས་ཏེ་ཐེ་ཝན་རང་བཙན་ཡིན་པའི་ཁྱབ་བསྒྲགས་བྱེད་སྲིད་དམ།