ཕུ་ཀྲིན་གྱིས་ཡུག་རིན་དེ་མགྱོགས་ན་ཚོུད་ཉེར་བཞི་དང་། འགོར་ན་ཚོུད་བཞི་བཅུ་ལྷག་ཙམ་གྱི་ནང་དབང་དུ་བསྡུ་རྒྱུའི་སྔོན་དཔག་བྱས་ཡོད་ཀྱང་། ཕུ་ཀྲིན་གྱི་མ་འོངས་སྔོན་དཔགས་ཀྱི་འཆར་གཞི་དང་། གཡུལ་སའི་དངོས་ཡོད་གནས་ཚུལ་གཉིས་ཡོངས་སུ་ལྡོག་ཕྱོགས་ཆགས་པ་མ་ཟད། དམག་འཁྲུག་གི་ཉིན་རེའི་འགྲོ་སོང་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་བཅས་ཀྱིས་ཨུ་རུ་སུ་དེ་ཉམས་ཉེས་ཆེན་པོ་ཞིག་གི་ནང་ལྷུང་དུ་བཅུག་ཡོད། ཨུ་རུ་སུ་ལ་བྱུང་བའི་གོད་ཆགས་དེས་མཐུན་གྲོགས་རྒྱ་ནག་ལའང་བསམ་བློ་གསར་པ་ཞིག་གཏོང་དགོས་པའི་དྲན་སྐུལ་བཏང་ཡོད་པ་སྟེ། དེ་ཡང་ཐོག་མར་ཞི་ཅིང་ཕིང་ལ་ཐེ་ཝན་གྱི་གནད་དོན་དང་། ཡུག་རིན་གི་གནད་དོན་ནི་ཧ་ཅང་འདྲ་མཚུངས་ཆེ་བའི་གནད་དོན་ཞིག་ཡིན་པའི་ཚོར་སྣང་ཡོད་པ་དང་། དེ་ཡང་ཨུ་རུ་སུ་ལ་ལྟོས་ན་ཡུག་རིན་ནི་སྟོབས་ཤུགས་ཞན་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པ་དང་། དེ་དང་འདྲ་བར་ཐེ་ཝན་ཡང་རྒྱ་ནག་ལ་ལྟོས་ན་སྟོབས་ཤུགས་ཧ་ཅང་ཆུང་ཆུང་ཡིན་པ་མ་ཟད། སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་གཉིས་ཀ་སྲིད་དབང་སྒེར་གཅོད་གྱི་རྒྱལ་ཁབ་ཡིན་པ་མ་ཟད། དེ་སྔར་དམར་ཤོག་གིས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་གཅིག་མཚུངས་ཡིན་པ། ཨུ་རུ་སུ་དམངས་གཙོར་འགྱུར་ལྡོག་བྱུང་ཡོད་ཀྱང་། དེའི་སྒེར་གཅོད་ཀྱི་ངོ་བོ་མུ་མཐུད་ནས་གནས་ཡོད་པ་དང་། རྒྱ་ནག་ནི་སྔར་བཞིན་དམར་ཤོག་གི་ལམ་ལུགས་སུ་གནས་ཡོད་པ་བཅས་ཀྱིས། གནད་དོན་དེ་གཉིས་ལ་འདྲ་མཚུངས་རང་བཞིན་གྱི་ཁྱད་ཆོས་མང་པོ་ལྡན་ཡོད། ཡིན་ནའང་། ཞི་ཅིང་ཕིང་གི་བསམ་བློ་གཏོང་སྟངས་ནི་ཕུ་ཀྲིན་དང་མི་འདྲ་བ་ཞིག་ཡོད་པ་སྟེ། ཞི་ཅིང་ཕིང་གིས་ཡ་ཡུད་ཆེན་པོས་ཐེ་ཝན་ལ་དཔུང་འཇུག་མ་བྱས་པར་ཐོག་མར་ཕུ་ཀྲིན་གྱིས་སྔོན་ལ་ཡུག་རིང་ཐོག་དཔུང་འཇུག་བྱེད་དུ་འཇུག་པ་དང་། དེའི་རྗེས་ཕུ་ཀྲིན་རྒྱལ་ཕམ་ཇི་བྱུང་གི་གྲུབ་འབྲས་ལ་བལྟས་ནས་ཐག་གཅོད་བྱ་རྒྱུ་དེ་རེད།
ཡིན་ནའང་། ད་ཆ་ཕུ་ཀྲིན་གྱིས་ཡུག་རིན་ལ་བཙན་འཛུལ་བྱས་ཏེ་བདུན་ཕྲག་གསུམ་ལྷག་ཙམ་འདས་ཟིན་ཀྱང་། ཡུག་རིན་གི་གྲོང་ཁྱེར་གཅིག་ཀྱང་ཆ་ཚང་བའི་སྒོ་ནས་དབང་དུ་བསྡུ་ཐུབ་མེད་པ་མ་ཟད། ཡུག་རིན་གྱི་དམག་དཔུང་དང་མི་དམངས་མཉམ་འབྲེལ་ཐོག་རང་སྲུང་རྒོལ་ལན་སློག་ནས་ཨུ་རུ་སུའི་དམག་དཔུང་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་ཅིང་། དེ་ཡང་ཟླ་ ༣ ཚེས་ ༡༧ ཉིན་ཨ་རིའི་སྐམ་དམག་དམག་དཔོན་ཞིག་གིས་གསར་འགོད་པའི་བཅའ་འདྲི་དང་ལེན་གནང་སྐབས། ཡུག་རིན་དམག་འཁྲུག་ནང་ཨུ་རུ་སུར་ཇུས་ཉེས་ཆེན་པོ་བྱུང་ཡོད་སྟབས། རྒྱ་ནག་གི་ངོས་ནས་བཤད་ན་སྤྱི་ལེ་ ༡༢༤ ཙམ་གྱི་ཕར་ཕྱོགས་སུ་ཡོད་པའི་རྒྱ་མཚོའི་གླིང་ཕྲན་ཐེ་ཝན་ལ་དཔུང་འཇུག་བྱ་རྒྱུ་དེར་ཐེ་ཚོམ་བྱ་དགོས་པ་ཞིག་ཆགས་ཡོད། མཚོ་ཐོག་ལ་དཔུང་འཇུག་བྱ་རྒྱུ་དེ་ལས་སླ་པོ་དང་སྟབས་བདེ་པོའི་ཐོག་ནས་དཔུང་འཇུག་བྱེད་ཐུབ་པ་ཞིག་མ་རེད། མཚོ་ཐོག་དཔུང་འཇུག་ནི་དམག་འཐབ་གཞན་གང་རུང་ལས་དཀའ་ཚེགས་ཆེ་བ་ཡོད་པ་དང་། གལ་ཏེ་མཁའ་ཐོག་དང་མཚོ་ཐོག་གཉིས་ཀ་ནས་ཕ་རོལ་པོར་དཔུང་འཇུག་བྱེད་ཐུབ་པའི་དབང་དུ་བཏང་ཡང་། རྒྱབ་ཕྱོགས་མཁོ་སྤྲོད་སྐྱེལ་འདྲེན་བྱ་རྒྱུར་ཧ་ཅང་དཀའ་ལས་ཁག་པོ་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད།
ཡུག་རིན་དམག་འཁྲུག་རྒྱག་ས་ནི་མང་ཆེ་བ་སྐམ་སའི་དམག་འཁྲུག་ཞིག་ཡིན་ན་ཡང་། ཡུག་རིན་ས་ཐོག་ཏུ་སླེབས་པའི་ཨུ་རུ་སུའི་དམག་དཔུང་ལ་དུས་ཐོག་ཏུ་བཟའ་ཆ་དང་མཁོ་ཆས་སྐྱེལ་འདྲེན་མ་ཐུབ་པར་ལུས་ཡོད་པ་དང་། དམག་མི་མང་པོ་ཞིག་ལ་དུས་ཐོག་ཏུ་ཁ་ལག་མ་རག་པའི་དཀའ་ངལ་འཕྲད་ནས་དམག་འཐབ་ཀྱི་སེམས་ཤུགས་དང་ཆོད་སེམས་ཉམས་པའི་གནས་ཚུལ་ཐེངས་མང་ལྷག་ཡོད་ཅིང་། དེ་དང་བསྡུར་ན་ཐེ་ཝན་ནི་མཐའ་བཞི་ཡོངས་སུ་རྫོགས་པ་རྒྱ་མཚོས་བསྐོར་བའི་གླིང་ཕྲན་ཞིག་ཡིན་པས་རྒྱབ་ཕྱོགས་མཁོ་སྤྲོད་བྱ་རྒྱུ་དེ་བས་ཀྱང་དཀའ་ངལ་ཆེན་པོ་ཡོད་ཅིང་། དེའི་ཐོག་ཨུ་རུ་སུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་ཡོངས་ནས་དཔལ་འབྱོར་གྱི་ཉེས་ཆད་བཏང་བ་དང་། ཐ་ན་སྲིད་འཛིན་ཕུ་ཀྲིན་རྒྱལ་སྤྱིའི་རྩེད་འགྲན་གྱི་སྐྱིད་སྡུག་ཁག་ནས་ཀྱང་ཕྱིར་འབུད་བྱས་པ་མ་ཟད། རྒྱལ་ནང་མི་དམངས་ཀྱི་ངོ་རྒོལ་བྱེད་བཞིན་པ་བཅས་གཅིག་མཇུག་གཉིས་མཐུད་ཀྱི་ཆག་སྒོ་དེ་དག་མཐོང་སྐབས། རྒྱ་ནག་གཞུང་གིས་ཐེ་ཝན་ལ་དཔུང་འཇུག་བྱ་རྒྱུའི་འཆར་གཞི་དེ་དུས་ཚོད་ངེས་ཅན་ཞིག་རིང་ཕྱིར་འཐེན་མི་བྱེད་ཀ་མེད་ཆགས་ཀྱི་རེད་ཅེས་སྲིད་དོན་དབྱེ་ཞིབ་པ་མང་པོས་འགྲེལ་བརྗོད་བྱེད་ཀྱི་ཡོད།
གནས་ཚུལ་གྱི་འཕེལ་ཕྱོགས་དེ་འདྲ་ཞིག་ཆགས་ཚེ། ཡུག་རིན་དམག་འཁྲུག་ནི་རྒྱ་ནག་ལ་ཆ་མཚོན་ན་ཕམ་ཁ་ཞིག་དང་། ཐེ་ཝན་ལ་ཆ་མཚོན་ན་རྒྱལ་ཁ་ཆེན་པོ་ཞིག་ཀྱང་རེད། དེའི་རྐྱེན་གྱིས་ད་ལྟ་ཐེ་ཝན་ཕྱོགས་ནས་ཡུག་རིན་དམག་འཁྲུག་གི་ཁྲོད་དུ་བསམ་བློ་གསར་པ་དང་འཐབ་བྱུས་གསར་པ་ཡང་འབོར་ཆེན་ཞིག་རག་ཡོད་ཅིང་། གོ་སྐབས་དེ་དང་བསྟུན་ནས་གཞུང་དམངས་མཉམ་འབྲེལ་ཐོག་ནས་ཐེ་ཝན་སྲུང་སྐྱོབ་དང་རྒྱ་ནག་གི་ཚུར་རྒོལ་ནམ་བྱུང་ལ་རང་སྲུང་རྒོལ་ལན་སློག་རྒྱུའི་ཆེད་དུ་ལས་དོན་མང་པོ་ཞིག་འགོ་འཛུགས་བྱེད་མུས་རེད། དེའི་ནང་ནས་ཐོག་མར་མ་འོངས་ལོ་ལྔའི་རིང་ཐེ་ཝན་རྒྱལ་སྲུང་གི་འགྲོ་སོང་དེ་ཨ་སྒོར་དུང་ཕྱུར་ ༨༧ མང་དུ་བཏང་ནས་རྒྱལ་སྲུང་ཡར་རྒྱས་གཏོང་རྒྱུར་མ་དངུལ་གྱི་ཐོག་ནས་འགན་ལེན་ཐུབ་རྒྱུའི་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག་དམག་མི་གྲངས་ ༡༦༠༠༠༠ ལྷག་ཙམ་ཡོད་པའི་དང་བླངས་དམག་དཔུང་གསར་འཛུགས་དང་། དེའི་ཐོག་ད་དུང་དགོས་མཁོ་ནམ་བྱུང་ལ་འཕྲལ་གཏོང་ཐུབ་པའི་ཟུར་འཇོག་དམག་མི་ ༡༠༠༠༠༠༠ ཙམ་གྲ་སྒྲིག་བྱས་ཡོད། སྐྱེས་པ་ཕོ་རང་ལོ་ ༡༩ ཡན་ནས་ ༣༦ མན་ཆད་ཚང་མས་ཟླ་བ་བཞི་ཡི་རིང་ངེས་པར་དུ་དམག་སྦྱོང་བྱེད་དགོས་པའི་ཐག་གཅོད་བྱས་ཡོད། གནད་དོན་དེའི་ཐད་ཐེ་ཝན་ལ་རྒྱ་ནག་གི་ཕྱོགས་ནས་དྲག་ཤུགས་བེད་སྤྱོད་བྱས་ཚེ་ཨ་རིས་སྲུང་སྐྱོབ་བྱ་རྒྱུའི་འགན་ལེན་བྱས་ཡོད་སྟབས། སྟོབས་ཤུགས་དེ་དག་ཕྱོགས་གཅིག་ལ་བསྡོམས་ན། དབུག་ཐེངས་གཅིག་ལ་ཐེ་ཝན་ཁྱུར་མིད་གཏོང་རྒྱུ་དེ་ཕལ་ཆེར་ཡོང་མི་སྲིད་པ་ལྟ་བུ་ཞིག་ཡིན་པས། རྒྱ་ནག་གི་ཕྱོགས་ནས་བཤད་ན་ཐེ་ཝན་ནི་སྔར་བཞིན་འཇའ་འཛིན་རྒྱུར་རེ་བའི་རྗེས་སུ་སྙེགས་པ་དང་འདྲ།།