དེང་སང་རྒྱལ་སྤྱིའི་ཐོག་དགོད་བྲོ་བའི་གླེང་སློང་འདི་འདྲ་ཞིག་བྱེད་ཀྱི་ཡོད་པ་སྟེ། ཨ་རིའི་ནང་ཨ་རི་བ་ཞིག་དང་རྒྱ་མི་ཞིག་ཕན་ཚུན་སྐད་ཆ་བཤད་རེས་བྱས་ཏེ། རྒྱ་མི་དེས་ཁྱེད་ཚོ་ཨ་རི་བ་དཔེ་གྱོང་པོ་འདུག ཏོག་དབྱིབས་ནད་ཡམས་ལ་སྣང་བ་གཏན་ནས་གཏོང་གི་མི་འདུག་ཅེས་བཤད་པར། ཨ་རི་བ་དེས་ཁྱེད་ཚོ་རྒྱ་ནག་པ་ཚོ་ནི་དེ་ལས་གྱོང་བ་འདུག ཏོག་དབྱིབས་ནད་ཡམས་མ་གཏོགས་ནད་ཡམས་གཞན་དག་ལ་སྣང་བ་གཏན་ནས་གཏོང་གི་མི་འདུག་ཅེས་བཤད་པ་རེད། དེའི་གོ་དོན་ནི་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱ་རྒྱུ་དེ་འཕྲོད་བསྟེན་དང་བདེ་ཐང་གི་གནད་དོན་ཞིག་ལ་མི་བརྩི་བར་ཆབ་སྲིད་ཀྱི་དགོས་མཁོ་གལ་ཆེན་ཞིག་ལ་བེད་སྤྱོད་བྱས་ཡོད་པ་དང་། དེ་ཡང་རྒྱ་ནག་གཞུང་གིས་རྒྱ་ནག་དེ་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་ཡིན་ཀྱང་། རིམས་ནད་སྡོན་འགོག་ཐད་ནད་ཡམས་མེད་པའི་རྒྱལ་ཁབ་ཅིག་ཡིན་པའི་གཟུགས་བརྙན་བསྐྲུན་ཆེད། གལ་ཏེ་མི་ཞིག་གློ་བུར་དུ་ན་ནས་སྨན་ཁང་དུ་འགྲོ་དགོས་ཚེ་ཐོག་མར་ན་ཚ་གང་ཞིག་ཡིན་མིན་བརྟག་དཔྱད་མ་བྱས་གོང་མི་དེའི་ཏོག་དབྱིབས་ན་ཚ་ཡོད་མེད་ཀྱི་ཡིག་ཆ་རྣམས་ངེས་པར་དུ་འབྲེལ་ཡོད་ལས་ཁུངས་ལ་བསྟན་དགོས་ཀྱི་ཡོད་པ་དང་། ཡིག་ཆ་མེད་ཚེ་ནད་གཞི་ལྗིད་པོ་ཇི་ཙམ་ཡོད་ཀྱང་སྨན་ཁང་གི་སྒོའི་ནང་རྐང་པ་ཙམ་ཡང་སྤོས་ཆོག་གི་མེད། ནད་གཞི་ཡོད་མེད་བརྟག་དཔྱད་བྱེད་སྐབས་གཞུང་གིས་གཏན་འབེབས་བྱས་པའི་ཁྱབ་ཁོངས་སོ་སོར་མ་གཏོགས་ཕྱི་རྒྱལ་གྱི་ལུང་པ་ནང་བཞིན་རང་དབང་དང་སྟབས་བདེ་པོ་མེད་སྟབས། ནད་པ་འགའ་ཤས་དཀའ་ངལ་དེ་དག་གིས་རྐྱེན་པས་སྨན་ཁང་གི་སྒོ་འགྲམ་དུ་སྲོག་ཤོར་བའི་གནས་ཚུལ་ཡང་ཐོན་དང་ཐོན་མུས་ཡིན་པ་རེད་འདུག དེ་ནི་དེང་སྐབས་ཧྲང་ཧའེ་གྲོང་ཁྱེར་ནང་དུའང་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་ར་སྤྲོད་བྱེད་ཐུབ་ཀྱི་ཡོད། རྒྱ་ནག་གི་མི་འབོར་མང་ཤོས་ཡིན་པའི་ཧྲང་ཧའེ་གྲོང་ཁྱེར་ནང་ཏོག་དབྱིབས་རིམས་ནད་ཀྱིས་རྐྱེན་པས་སྐབས་ཤིག་གི་རིང་གྲོང་ཁྱེར་དེ་ཧ་ལམ་སྒོ་བརྒྱབ་ནས་བསྡད་ཡོད་པ་མ་ཟད། ཐ་ན་ལོ་ལྔ་དྲུག་ཡིན་པའི་ཕྲུ་གུ་ཞིག་ཏོག་དབྱིབས་རིམས་ནད་ཕོག་ཚེ་སོ་སོའི་ཕ་མ་དང་མཉམ་དུ་མ་བཞག་པར་ཟུར་བཀག་བྱེད་ཀྱི་ཡོད། ཟུར་བཀག་བྱེད་ཡུལ་གྱི་གནས་སྟངས་གང་འདྲ་ཡིན་མིན་ཕ་མ་ཚོས་རྩ་བ་ནས་ཤེས་ཀྱི་མེད་སྟབས་ཕ་མ་མང་པོ་ཞིག་གིས་དེའི་དོན་དུ་སེམས་ཁྲལ་བྱེད་ཀྱི་ཡོད་པ་དང་། ཕ་མ་ཁ་ཤས་ཀྱིས་གཞུང་ཕྱོགས་ལ་ཡི་གེ་བཏང་ནས་ཕྲུ་གུ་དང་ཕ་མ་མཉམ་དུ་བསྡད་ཆོག་པའི་རེ་བ་བཏོན་ཡོད་པ་དང་། ཡི་གེ་དེར་ཚོུད་གཉིས་ཙམ་ཞིག་གི་ནང་མི་སྟོང་ཁྲི་གཉིས་ལྷག་ཙམ་གྱིས་མིང་རྟགས་བཀོད་ཡོད་སྟབས། གཞུང་ཕྱོགས་ཀྱིས་ཡི་གེ་དེ་ལམ་སེང་དྲྭ་ལམ་ནས་མེད་པ་བཟོས་ཡོད། འཕྲད་བཞིན་པའི་གནས་ཚུལ་དེ་དག་མི་མང་པོ་ཞིག་གིས་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་ལས་བྱེད་ཚོར་ཁ་པར་བཏང་ནས་རེ་འབོད་ཀྱིས་སྐྱབས་འཇུག་ཞུས་པར། གཞུང་གི་ལས་བྱེད་ཚོས་ཁྱེད་ཚོས་ཁ་པར་བཏང་ན་ཕན་ཐོག་ཅིི་ཡང་མེད། གོང་རིམ་འགོ་འཁྲིད་ཚོར་ཡང་འཆར་གཞི་ཅི་ཡང་མི་འདུག ང་ཚོར་ཡང་དཀའ་ངལ་ཧ་ཅང་མང་པོ་འདུག འོན་ཀྱང་། དཀའ་ངལ་དེ་དག་བཤད་ས་མི་འདུག་ཅེས་བརྗོད། ཡང་ཧྲང་ཧའེ་ཡི་གྲོང་མི་གཞན་ཞིག་གིས་ནད་ཡམས་སྔོན་འགོག་གི་ལས་དོན་སྒྲུབ་མཁན་ཞིག་ལ་ཁ་པར་བཏང་ནས་སྐད་ཆ་དྲིས་པར། ལས་བྱེད་དེས་དེང་སང་ཧྲང་ཧའེ་ནང་བྱེད་བཞིན་པའི་ནད་ཡམས་སྔོན་འགོག་གི་ལས་ཀ་ཚང་མ་ཚན་རིག་དང་འཕྲོད་བསྟེན་གཞིར་བཞག་ནས་བྱས་པ་ཞིག་མ་ཡིན་པར་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བྱས་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་ཡོད། རྒྱ་ནག་གི་གནད་དོན་ཐད་ཉམས་ཞིབ་བྱེད་མཁན་ཚོས་དེང་སྐབས་ཧྲང་ཧའེ་གྲོང་ཁྱེར་ནང་འབྱུང་བཞིན་པའི་ནད་ཡམས་ཁྱབ་འཕེལ་དང་། ནད་ཡམས་སྔོན་འགོག་བྱེད་སྟངས་དེ་ཆབ་སྲིད་ཀྱི་དགོས་མཁོ་གལ་ཆེན་ཞིག་ལ་དམིགས་པ་ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཕྱི་ལོ་༢༠༡༩ ལོར་ཝུའུ་ཧན་དུ་ནད་ཡམས་ཐོན་པ་ནས་བཟུང་རྒྱ་ནག་གཞུང་གིས་ནད་ཡམས་སྡོན་འགོག་བྱེད་པའི་ཐད་གྲུབ་འབྲས་གང་ཙམ་ཐོབ་ཡོད་པ་དེ་ནི། རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཀྱི་ལམ་ལུགས་དེ་ཧ་ཅང་ཡག་པོ་ཞིག་དང་ནུས་པ་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། སྐབས་དེ་དུས་ཞི་ཅིང་ཕིང་གིས་ནད་ཡམས་སྔོན་འགོག་དང་སྟངས་འཛིན་བྱེད་པའི་ཐད་རང་ཉིད་ནས་ཐད་ཀར་བཀོད་འདོམས་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་ཅིང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། འདས་པའི་ཟླ་བ་གཅིག་ལྷག་ཙམ་གྱི་རིང་ཧྲང་ཧའེ་གྲོང་ཁྱེར་གཅིག་པུའི་ནང་ནད་པ་གྲངས་ ༦༠༠༠༠ ཐོན་ཡོད་པ་འགྲེལ་བརྗོད་བྱས་ཡོད་པས། གྲོང་ཁྱེར་གཅིག་གི་ནང་ཆ་མཚོན་ན་གྲངས་ཚད་དེ་ནི་ཉུང་ཉུང་ཞིག་གཏན་ནས་མིན་ལ། དེ་བས་ནད་ཡམས་སྔོན་འགོག་གི་ཁབ་དེ་དག་རྒྱབ་ཟིན་པའི་ས་གནས་གཅིག་ལ་ཆ་མཚོན་ན་དེ་བས་ཀྱང་གྲངས་ཚད་ཉུང་ཉུང་ཞིག་ག་ལ་ཡིན། ཧྲང་ཧེའི་གྲོང་ཁྱེར་ནང་མི་གྲངས་ས་ཡ་ཉི་ཤུ་ལྷག་ཙམ་ཡོད་པ་དང་། དཔལ་འབྱོར་གྱི་ཐོག་ནས་ཀྱང་རྒྱ་ནག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་གི་ནང་ཚད་གཞི་མཐོ་ཤོས་དེ་ཡིན་པ་མ་ཟད། གྲོང་ཁྱེར་གྱི་འཛིན་སྐྱོང་དང་ཆ་རྐྱེན་སོགས་ཀྱང་ཧྲང་ཧེའི་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་ནང་ནས་སྔོན་ཐོན་གྱི་གྲས་སུ་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟ་བུའི་གྲོང་ཁྱེར་དེའི་ནང་ད་ཐེངས་ནད་ཡམས་དེ་འདྲ་ཞིག་ཐོན་པ་དེ་ནི་འདི་ལོའི་ལོ་མཇུག་ཏུ་སྐོང་འཚོགས་བྱ་རྒྱུུའི་རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ཉི་ཤུའི་པའི་སྐབས་ཞི་ཅིང་ཕིང་གིས་མུ་མཐུད་ནས་དབང་ཆ་འཛིན་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཞིག་ཆགས་ཡོད། མ་ཟད་ཧྲང་ཧའེ་གྲོང་ཁྱེར་ནི་ཆབ་སྲིད་ཀྱི་ཐོག་ནས་ཀྱང་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པ་སྟེ། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན་དམར་ཤོག་ཚོགས་པ་ཐོག་མར་གསར་འཛུགས་བྱེད་ས་ཡིན་པ་མ་ཟད། དེ་སྔ་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་ཡང་ཧྲང་ཧའེ་གྲོང་ཁྱེར་དུ་སྐོང་འཚོགས་བྱས་པ་ཞིག་ཡིན་སྟབས། དམར་ཤོག་ཚོགས་པའི་ལོ་རྒྱུས་ཐོག་ནས་ཀྱང་གལ་གནད་ཆེན་པོ་ཞིག་ཆགས་ཡོད་ལ། དམར་ཤོག་ཚོགས་པ་གཅིག་པུ་དེའི་ནང་དུའང་ཤོག་ཁག་ཁ་ཤས་ཡོད་པ་སྟེ། རྒྱལ་སྲས་ཤོག་ཁག་དང་། ཧྲང་ཧའེ་ཤོག་ཁག གུང་གཞོན་ཤོག་ཁག་སོགས་མ་མཐར་ཡང་གཤོག་ཁག་མི་འདྲ་བ་ཁག་གསུམ་ཙམ་ཡོད་པ་དང་། ཧྲང་ཧའེ་ཤོག་ཁག་ནི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་གྱི་ཤོག་ཁག་ལ་ཟེར་བ་དང་། ཅང་ཙེ་མིན་གྱིས་དུས་ཡུན་ལོ་ངོ་བཅུ་གསུམ་ཙམ་སྲིད་དབང་བཟུང་བའི་རིང་ལ། ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་སྲིད་དམག་གསུམ་གྱི་ནང་སྲ་ཞིང་བརྟན་པའི་དཔུང་ཁག་གཅིག་གསོ་སྐྱོང་བྱས་ཡོད་པ་མ་ཟད། དེའི་ནང་དུ་མངོན་གསལ་དོད་པོ་མེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ད་དུང་ཡང་མུ་མཐུད་ནས་གནས་མུས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་དེ་རིགས་ལ་བལྟས་ན་དེང་སྐབས་ཧྲང་ཧའེ་གྲོང་ཁྱེར་དུ་འཕྲད་བཞིན་པའི་དཀའ་ངལ་འདི་དག་ནི་ཞི་ཅིང་ཕིང་གི་སྲིད་དབང་མུ་མཐུད་ནས་རྒྱུན་འཛིན་བྱ་ཐུབ་མིན་ལ་ཉམས་ཞིབ་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཆགས་ཡོད།
Pingback: Examining Xi Jingping’s Political Power - GUCHUSUM